དབུ་ཤོག>གསར་འགྱུར།
  • ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-04-25

    ཉིན་ཤས་བསྟུད་མར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ཁོང་དུ་ནན་ཏན་ཆུད་པར་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་བཅོས་སྒྲིག་བཅས་འབྲེལ་མཐུད་ཀྱིས་མཉམ་འདྲེས་དམ་ཟབ་དང་སྡེབ་གཅིག་ལ་སྐུལ་འདེད་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་པོས་སྤེལ་ཏེ་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱེད་ཆེད་ནུས་སེམས་གཅིག་ཏུ་སྒྲིལ་བཞིན་ཡོད།

    ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་འཕྲལ་མར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་གཙོ་གནད་ལས་འགན་ཁག་14ཡི་གསལ་ཐོ་བཟོས་ཏེ་རྒྱལ་ཡོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་བཅོས་སྒྲིག་སོགས་ཀྱི་ཐད་བརྡ་ཐོ་བཏང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭར་ཆེད་དོན་ཟུར་ཁྲིད་ཐེངས་མང་བྱས་པ་རེད། གཞན་ཡང་ད་དུང་ཕྱོགས་8ཐད་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་བྱས་ཏེ“འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། བྱས་རྗེས་འཇོག་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱལ་ཡོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

    ཚོང་དོན་པུས་སྐུལ་སློང་ཚོགས་ཆེན་འཚོགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སྐབས་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལ་ཕན་འབྲས་ཐོན་པ། འཚོལ་བཤེར་བཅོས་སྒྲིག་ནན་པོ་དང་ཏན་ཏིག་ཡོང་བར་བྱེད་དགོས།“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་ནས་ཚོང་དོན་ལས་དོན་གྱི“གལ་ཆེན་གསུམ”གྱི་ངེས་གནས་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ནས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཚོང་དོན་ཁྱབ་ཁོངས་སུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་དེ་འབྲས་བུ་སྨིན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ནས་འཕྲོད་བསྟེན་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་དགོས་གཏུགས། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ནད་དཔྱད་སྨན་བཅོས་དང་ནད་འགོག་ནད་བཅོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། འགན་འཁུར་ཕོད་པའི་ཐོག་ནས་དཀའ་གནད་ལས་སྒྲོལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱ་བ་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ། ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    སྡེ་ཚན་དང་ཚན་པ་ཁག་གིས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཞིབ་ཕྲའི་བཀོད་སྒྲིག་ཁ་གསལ་བཟོ་བ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁ་ཕྱོགས་མི་འཛོལ་བ་དང་ཤུགས་ཚད་མི་ཆག་པའི་འགན་ལེན་བྱས་ཡོད།

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་ཇུས་འགོད་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་པ་དང་། འགོ་ཁྲིད་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་འཆར་གཞི་དང་། ཏང་ཀྲི་པུའུ་དང་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་མཛུབ་ཁྲིད་འཆར་གཞི། བརྟག་དཔྱད་ཞིབ་འཇུག་གི་ཇུས་གཞི། འཚོལ་བཤེར་བཅོས་སྒྲིག་གི་ཇུས་གཞི། ལྟ་སྐུལ་སློབ་སྟོན་གྱི་ཇུས་གཞི་བཅས་ཡན་ལག་ཇུས་གཞི་5མཉམ་འདྲེས་དམ་ཟབ་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་ཟུང་འབྲེལ་དང་ཞིབ་བཤེར་དང་སྒྱུར་བཅོས་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་ཀྱིན་དུ་ལྟ་བསྡུར་དང་། འཚོལ་བཤེར། བཅོས་སྒྲིག་བཅས་བྱས་ནས་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པ་དང་སྡེབས་གཅིག་ལ་སྐུལ་འདེད་གཏོང་ཐུབ་པར་བྱས་ཡོད།

    ཞིང་ལས་གྲོང་གསེབ་པུའི་ཏང་ཙུའུ་ཡིས་བརྡ་ཐོ་བཏང་སྟེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་གཞི་རིམ་དུ་བསྐྱོད་དེ་ཉེ་བའི་ལོ་ཤས་རིང་གི“ཞིང་གསུམ”འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཞིང་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ངོས་འཛིན་དང་སྟངས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བའི་བྱ་ཐབས་དངོས་ལ་བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཞིང་གསུམ་ལས་དོན་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ནོར་སྲིད་པུས་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས་པུའུ་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ། ནོར་སྲིད་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་གཏིང་ཟབ་ཅིང་འགག་རྩའི་རང་བཞིན་གྱི་གནད་དོན་ལ་དམིགས་ནས་བརྟག་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ནོར་སྲིད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་2023ལོའི་ལོ་འཁོར་གྱི་བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་གཙོ་བོ་27ཞིབ་འཇུག་བྱས་ནས་གཏན་འཁེལ་དང་། འགན་འཁུར་བ་དང་སྣེ་ཁྲིད་སྡེ་ཚན་གཏན་འཁེལ། ལས་ཀའི་བླང་བྱ་ཞིབ་ཕྲ་བཏོན་པ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།