བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལོ་60ལ་སླེབས་པའི་བོད་རིགས་རྒད་པོ་བཀྲ་ཕུན(མིང་ཚབ)ལ་ཁྲག་སླ་རུ་གཏོང་བའི་སྨན་བཅོས་བྱས་མ་ཐག་རེད། ཧྲང་ཧའེ་ཡི་བོད་སྐྱོར་སྨན་པ་ཅང་ཁྲོན་ཧོ་ཉལ་ཁྲིའི་འགྲམ་དུ་ལངས་ནས་ནད་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་མཆིས།
ཅང་ཁྲོན་ཧོ་ཡིས། བཀྲ་ཕུན་ལ་ཕོག་པའི“ས་མཐོའི་རང་བཞིན་གྱི་ཕྲ་ཕུང་དམར་པོ་མང་བའི་ནད”ནི་ས་མཐོའི་མང་ཚོགས་ཁྲོད་ཐོན་མང་བའི་ནད་གཞི་ཞིག་ཡིན་པ་དང་དེ་སྔའི་སྨན་བཅོས་བྱེད་ཐབས་ཀྱིས་ནད་གཞི་ཞི་ལྷོད་དུ་གཏོང་བ་ཙམ་ལས་རྩ་བཅོས་ཐུབ་ཀྱི་མེད། བོད་སྐྱོར་སྨན་པའི་འབད་བརྩོན་འོག་གཞིས་རྩེར་ཁྲག་གི་ཕྲ་ཕུང་ཁེར་འདོན་ཡོ་བྱད་ནང་འདྲེན་བྱས་པ་དང་ཁྲག་རྒྱུན་ནང་གི་ཕྲ་ཕུང་དམར་པོ་ལོགས་སུ་འབྱེད་པ་ལས་ནད་པའི་གཟུགས་པོར་གནོད་འཚེ་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ཅང་ཁྲོན་ཧོ་ཡིས། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཟུངས་ཁྲག་ཚན་ཁག་གིས་མིག་སྔར་ལོ་ལྟར་ནད་པ་400ལྷག་ཙམ་ལ་སྨན་བཅོས་བྱེད་ཀྱི་ཡོད། “2015ལོ་ནས་ཧྲང་ཧའེ་རུའེ་ཅིན་སྨན་ཁང་སོགས་ཚན་པའི་སྨན་པས་ལོ་8བསྟུད་མར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱས་པ་བརྒྱུད་ང་ཚོའི་ཟུངས་ཁྲག་ཚན་ཁག་འདི་བཙུགས་པ་མ་ཟད། ང་ཚོར་ས་མཐོའི་ཟུངས་ཁྲག་ནད་སྨན་བཅོས་ཀྱི་ཉམས་མྱོང་རྩེ་གྲ་གསོག་རོགས་བྱས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ཟུངས་ཁྲག་ཚན་ཁག་གི་ཀྲུའུ་རེན་ཕུར་བུ་དབང་འདུས་ཀྱིས་བཤད།
ཧྲང་ཧའེ་ཡི་བོད་སྐྱོར་སྨན་པ་ལི་ཞའོ་དབྱང་གཞིས་རྩེར་སླེབས་སྐབས་ཚན་ཁག་དེར་གཞི་ཁྱོན་ངེས་ཅན་ཞིག་ཆགས་ཡོད། 2019ལོའི་ལོ་མཇུག་ཏུ་ལོ་20ལྷག་ཙམ་ལ་སླེབས་པའི་བོད་རིགས་བུ་མོ་སྒྲོལ་དཀར(མིང་ཚབ)གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ནས་སྨན་བཅོས་བྱེད་པར་ཡོང་ཞིང་། ཟུངས་ཁྲག་གི་རྒྱུན་གཏན་བརྟག་དཔྱད་འབྲས་བུ་ལས་མངོན་པར། ཁོང་གི་ཟུངས་ཁྲག་གི་སྟོན་གྲངས་མང་པོ་ཞིག་ཡག་པོ་མེད་པས་ཚེ་སྲོག་ལ་ཉེན་ཁ་ཡོད་པ་རེད།
ནད་པའི་བརྟག་དཔྱད་གྲངས་གཞི་མཐོང་སྐབས་ལི་ཞའོ་དབྱང་སེམས་ཁྲལ་བྱུང་ཞིང་། ཁོང་གིས“དེ་ཁྲག་རིལ་དཀར་པོའི་ནད་འདྲ་པོ་འདུག་ལ་མཐོང་དཀོན་པའི་ཁྲག་རིལ་དཀར་པོའི་ནད་ཀྱང་ཡིན་སྲིད”ཅེས་བཤད། དེ་རྗེས་ཁོང་གིས་འཕྲལ་དུ་སྒྲོལ་དཀར་ལ་རྐང་མར་གཙགས་རྟོལ་གྱི་བརྟག་དཔྱད་བྱེད་དུ་བཅུག་པ་མ་ཟད། ད་དུང་ཧྲང་ཧའེ་རུའེ་ཅིན་སྨན་ཁང་དང་འབྲེལ་བ་བྱས་ནས་སྨན་པ་ལྷན་ཞུགས་ནད་དཔྱད་བྱ་རྒྱུའི་བཀོད་སྒྲིག་བྱས། མཐར་ཁོང་ཚོས་སྒྲོལ་དཀར་ལ་ཕོག་པའི་ནད་ནི་དོས་དྲག་རང་བཞིན་གྱི་ཕྲ་ཕུང་ཁྲག་རིལ་དཀར་པོའི་ནད་ཡིན་པ་གཏན་འཁེལ་བྱས་པ་རེད།
འོན་ཀྱང་སྐབས་དེ་དུས་བོད་ལ་ནད་གཞི་དེར་དམིགས་པའི་སྨན་རྫས་མེད་སྟབས། ལི་ཞའོ་དབྱང་གིས་འཕྲལ་མར་རུའེ་ཅིན་སྨན་ཁང་ལ་འབྲེལ་གཏུག་བྱས་པ་དང་སྨན་ཁང་གིས་མཚན་མོ་དེ་རང་དུ་སྨན་གྲ་སྒྲིག་བྱས་པ་མ་ཟད། ཆེད་མི་མངགས་ཏེ་ཧྲང་ཧའེ་ནས་བོད་དུ་སྨན་སྐྱེལ་བར་བཏང་བ་དང་། སྒྲོལ་དཀར་གྱི་ནད་གཞི་གཏན་འཁེལ་བྱུང་རྗེས་ཀྱི་ཉིན་གསུམ་པར་ཧྲང་ཧའེ་ནས་བསྐུར་བའི་སྲོག་སྐྱོབ་སྨན་འབྱོར། མཐར་ལི་ཞའོ་དབྱང་སོགས་བོད་སྐྱོར་སྨན་པའི་སྣེ་ཁྲིད་དང་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་པ་བརྒྱུད་སྒྲོལ་དཀར་དྲག་སྐྱེད་བྱུང་ནས་བདེ་ཐང་ངང་སྨན་ཁང་ནས་དོན་པ་རེད།
ལི་ཞའོ་དབྱང་གིས“མདུན་ཕྱོགས་དང་རྒྱབ་ཕྱོགས་ཕན་ཚུན་གཞོགས་འདེགས་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ཟུངས་ཁྲག་ཚན་ཁག་ལ་བཅོས་དཀའ་བའི་ནད་སྣ་ཚོགས་བཅོས་པའི་ནུས་པ་ལྡན་ཡོད། སྒྲོལ་དཀར་གྱི་ནད་དཔེའི་ཁྲོད་ནས་ང་ཚོས་ས་གནས་དེ་གའི་སྨན་བཅོས་ནུས་པ་ཆེ་རུ་ཕྱིན་པ་མཐོང་བ་མ་ཟད། ས་གནས་གཉིས་པོའི་མཉམ་ལས་ཀྱི་ལེགས་ཆ་ཡང་མཐོང་བྱུང”ཞེས་བཤད།
འདི་ལོ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཟུངས་ཁྲག་ཉམས་པའི་ས་མཐོའི་ནད་པ་379ལ་དམིགས་པའི་ཞིབ་འཇུག་བྱས་འབྲས་ཀྱི་སྙན་ཞུ་ཞིག་བཏོན་པ་དང་དེ་ནི་ཧྲང་ཧའེ་བོད་སྐྱོར་སྨན་པ་དང་བོད་ཀྱི་ས་གནས་དེ་གའི་སྨན་པས་མཉམ་དུ་ལེགས་སྒྲུབ་བྱས་པ་ཞིག་རེད། ཧྥང་ཅེ་ནི་གཞིས་རྩེ་མི་དམངས་སྨན་ཁང་གི་ས་གནས་དེ་གའི་སྨན་པ་ཡིན་ལ་ཞིབ་འཇུག་དེའི་སྙན་ཞུ་འབྲི་མཁན་དང་པོ་ཡང་རེད། “ང་ཚོའི་སྨན་ཁང་གིས་དེ་གོང་སྐྱོབ་བཅོས་ལས་དོན་སྤེལ་མང་བ་ལས་ཞིབ་འཇུག་རང་བཞིན་གྱི་ལས་དོན་སྤེལ་ཉུང་ཉུང་རེད”ཅེས་ཧྥང་ཅེ་ཡིས་གསར་འགོད་པར་བཤད།
བོད་སྐྱོར་སྨན་པ་ཚོའི་མཛུབ་ཁྲིད་འོག་ཧྥང་ཅེ་སོགས་ཀྱིས་མཐར་འབྲེལ་ཡོད་ཞིབ་འཇུག་ལས་དོན་ལེགས་སྒྲུབ་བྱས་པ་རེད། “དེ་ལས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། མིག་སྔར་ང་ཚོས་བོད་སྐྱོར་སྨན་པ་ཚོའི་མཛུབ་ཁྲིད་འོག་འབྲེལ་ཡོད་ཞིབ་འཇུག་མུ་མཐུད་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཧྥང་ཅེ་ཡིས་བཤད།
ཧྲང་ཧའེ་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པའི་རུ་སྣེ་ཁྲིད་མཁན་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆིང་ཧྭ་ཡིས“བོད་སྐྱོར་སྨན་པ་ཚོའི་སྐུལ་ཁྲིད་འོག ཟུངས་ཁྲག་ཚན་ཁག་བཙུགས་ནས་གཞི་རྩའི་སྨན་བཅོས་ཀྱི་ནུས་པ་ལྡན་པ་མ་ཟད། མཉམ་ལས་ལ་བརྟེན་ནས་བཅོས་དཀའ་བའི་ནད་སྣ་ཚོགས་སྨན་བཅོས་ཀྱང་བྱེད་ཐུབ། ད་ཆ་ང་ཚོས་ད་དུང་ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་ལས་དོན་སྤེལ་ནས་ནད་གཞི་འཕེལ་བའི་ཆོས་ཉིད་འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ཟུངས་ཁྲག་ཚན་ཁག་གི་འགྱུར་ལྡོག་ནི་ང་ཚོ‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་གྱིས‘སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི’གྲུབ་འབྲས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་རེད”ཅེས་བཤད།