ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་སྤུན་ཟླའི་དབར་འཆམ་མཐུན་དང་ལྟ་རེས་སྐྱོང་རེས། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་དེ་བས་ཟབ་པོ་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་དེ་བས་སྐད་གསང་མཐོན་པོས་ལེན་བཞིན་མཆིས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སེམས་ལ་གཏིང་ཟབ་ཟུག་པ།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་དཔལ་འབྱོར་ཐད་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ། རིག་གནས་ཐད་ཕན་ཚུན་མྱོང་རོལ། བརྩེ་སེམས་ཐད་ཕན་ཚུན་ཉེ་བཅར་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བསམ་བློ་དང་བརྩེ་སེམས་ཀྱི་ཐུན་མོང་ངོས་འཛིན་ཟམ་མི་ཆད་པར་གཅིག་ཏུ་བསྒྲིལ་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དམི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་མཉམ་འདྲེས་ཐུབ་པར་བྱ་ཆེད། རང་ལྗོངས་ཀྱིས་གནའ་སྔ་མོ་ནས་བཟུང་བོད་དང་མེས་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཕྱོགས་ཡོངས་ནས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཡོད། མིག་སྔར《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས·བོད་ཀྱི་བམ་པོ》དང《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་སློབ་གསོའི་ཀློག་དེབ》སོགས་རྩོམ་སྒྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ལྷ་ས་ཧའེ་ཁྲེང་སློབ་ཆུང་སོགས་སློབ་གྲྭ་10རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སློབ་གྲྭ་འབྲིང་ཆུང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་སློབ་གསོའི་དཔེ་སྟོན་སློབ་གྲྭ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ནང་བཅུག་པ་མ་ཟད། སློབ་གླིང་སྒྲིག་གཞི་5རང་ལྗོངས་ཀྱི་ཁག་དང་པོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞིར་གཏན་འཁེལ་བྱས་པ་རེད།
དེ་དང་དུས་མཚུངས། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ། “མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི”དང“མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ཁྲ་རྒྱན་བཏབ་པ་ལྟ་བུའི་འཕེལ་རྒྱས་འཆར་གཞི”“ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི”བཅས་རེ་ཞུ་དང་ལག་ལེན་ཧུར་ཐག་བསྟར་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྣམ་པ་མང་པོ་དང་ལས་སྟེགས་མང་པོར་བརྟེན་ནས་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པར་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་བྱེད་པ།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད(2021ལོ་ནས་2025ལོ་བར)》དང་དེ་བཞིན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་དུས་རབས་གསར་པར་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བཏོན་ནས་ལྗོངས་ཡོངས་ཀྱི་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་རིམ་ཁག་སྡེ་ཚན་ཁག་གིས་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དང་། སྨྱན་སྦྱོར་དྲིལ་བསྒྲགས། དྲ་རྒྱའི་དྲིལ་བསྒྲགས་བཅས་ཧུར་ཐག་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་། དང་ལེན་བྱེད་སླ་བ། ཞུགས་རྒྱུར་དགའ་བ་བཅས་ཀྱི་བྱ་ཐབས་སྤྱད་དེ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་འཛུགས་གཏོད་ལས་དོན་སྤེལ་བ་རེད།
མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)”ལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་རེད། ཚན་པ་དང་མི་སྒེར་251ལ་ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)དང་། དཔེ་སྟོན་རྫོང(ཆུས) དཔེ་བཟང་ཚན་པ(མི་སྒེར)བཅས་ཀྱི་མིང་བཏགས་པ་རེད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་ཚན་པ་68ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པའི་མིང་བཏགས་པ་དང་ཚན་པ་8ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་མིང་བཏགས་པ། མཉམ་སྡེབ་140དང་མི་སྒེར་189ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ། མཉམ་སྡེབ་1944དང་མི་སྒེར་2857ལ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།
མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་ཡོད་པ་དང་གྲུབ་འབྲས་ཐོབ་པ།
ཉེ་བའི་ལོ་ཤས་རིང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཡུལ་ལྗོངས་ལྟ་ན་སྡུག་པའི་མག་མག་མོན་པ་མི་རིགས་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཡུལ་སྐོར་དང་ཇ་འདེབས་འཛུགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས་མི་སེར་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། དེ་སྔ་མི་གྲངས་3ལས་མེད་པའི་ཡུལ་སྨད་ཤང་ལ་ད་ཆ་དུད་ཚང་67དང་མི་200ལྷག་ཙམ་ཡོད་པ་དང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པ་དང་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་གྱི་ཡོད། ལོ་བཅུ་ཕྲག་ཁ་ཤས་གོང་གྲམ་ཐང་དུ་གནས་པའི་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་ད་ཆ་སྔོ་ཐིང་ཐིང་གི་ལྗོན་ཤིང་བཏབ་ནས་བརྗིད་ཉམས་ཀྱིས་ཕྱུག་པའི་མངའ་རིས་ལ་སྟོབས་ཤུགས་མི་ཉུང་བ་ཞིག་སྦྱིན་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང“མཐའ་དར་དམངས་ཕྱུག་གི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ”འཛུགས་སྐྲུན་གྱི་ཚོད་ལྟའི་ལས་གྲྭ་ལག་ལེན་བསྟར་ཏེ་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང“བྱ་ཐབས་ལྔ”བཟོས་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ(མཐའ་དར་དམངས་ཕྱུག)སྒོར་དུང་ཕྱུར་47ལྷག་ཙམ་གཤམ་སྤྲོད་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ“བྱ་ཐབས་ལྔ”ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས“ཟུང་འབྲེལ་དྲུག”བཏོན་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པར་རིམ་རྩིས་བྱས་ན་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་སྒོར་དུང་ཕྱུར་35ལྷག་ཙམ་གཤམ་སྤྲོད་བྱས་པ་དང་མ་དངུལ་ཡོད་ཚད་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད། བདེ་ཐང་གི་ཇ་ཁྱབ་གདལ་སོགས་ཀྱི་རྣམ་གྲངས་ཐད་སྤྱད་པ་རེད།
ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཉི་མ་རྡོ་རྗེས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁག་ཏན་ཏིག་ངང་སྤེལ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཧུར་ཐག་གཏོད་པའི་དམིགས་ཚད་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།