ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་བའི“རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་པར་བྱས་ནས། ཏང་ཡོངས་ཀྱིས་གཅིག་གྱུར་གྱི་བསམ་བློ་དང་། བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས། མཐུན་སྦྱོར་གྱི་བྱ་སྤྱོད། སྟོབས་དང་ལྡན་པའི་འཐབ་ནུས་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཧུར་ཐག་ཐོབ་པ་བྱ་རྒྱུ་དེ་རེད”ཅེས་ནན་བཤད་གནང་བ་མ་ཟད། ཕྱོགས་ལྔའི་ཐད་ཀྱི་དམིགས་ཚད་ཞིབ་ཕྲ་ཁ་གསལ་བཏོན་གནང་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྩ་བའི་དམིགས་ཡུལ་ལ་དམ་པོར་དམིགས་ནས། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་འཕེལ་བར་བྱེད་པ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་བཀུར་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་དམིགས་ཚད་དངོས་སུ་གྲུབ་པར་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། འཇོན་ཐང་གི་ནུས་པ། ཐེག་པ་ཁུར་ལེན། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་འདོམས་སོགས་ཕྱོགས་དྲུག་ཐད་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་ཚེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཞི་ནས་གཏིང་ཟབ་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་ཁྲིད་སྟོན་ཐུབ་ངེས་དང་བརྗོད་དོན་གཙོ་བོའི་སློབ་གསོར་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་འཐོབ་ངེས་རེད།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བསམ་བློའི་སྦྱོང་བརྡར་དང་བསམ་པའི་ཞུན་བརྡར་ཐེབས་པར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ལ་འཛིན་པའི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་དད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཛིན་པའི་གདེང་ཚོད་བཅས་བརྟན་དུ་གཏོང་བ། ཏང་བཙུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་ཀྱིས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་གཤིས་སྤྱོད་ཞུན་བརྡར་སྤྲོས་པ་དང་། ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་ལས་འགན་གྱིས་ལས་འགན་བྱེད་པ་བཅས་ཀྱིས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག མར་ཁེ་སི་རིང་ལུགས་ལ་ལྷག་བསམ་རྣམ་དག་བཅས་བྱས་ནས། ཁ་ཞེ་གཉིས་མེད་ངང་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་ངང་ཏང་ལ་སྲུང་སྐྱོང་། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར། གནད་དོན་ལ་དམིགས་པ། དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་དང་ཐེག་པ་འཁུར་ལེན་ཧུར་ཐག་གི་སྙིང་སྟོབས་བཅས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་ཡག་པོ་འཁུར་བ། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དང་ཐམས་ཅད་མི་དམངས་ལ་བརྟེན་པ་མཐའ་འཁྱོངས། རང་རྟོགས་ངང་ཐབས་ཇུས་དམངས་ལ་འདྲི་བ་དང་མཁོ་དགོས་དམངས་ལ་འདྲི་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་པ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན། དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ལ་ཟུག་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་མུ་མཐུད་ཡོ་བསྲང་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ། དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་བཞིན་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱས་ཏེ་བློ་མཐུན་དབར་གྱི་འབྲེལ་བ་གཙང་མ་གཙང་རྐྱང་དང་། ཡ་རབས་ཚུལ་ལྡན་གྱི་གོང་འོག་དབར་གྱི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་པ་དང་། སྲོལ་གཏོད་པ། སྲུང་སྐྱོང་བ་བཅས་ཡག་པོ་ཞིག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་བའི་ལས་འགན་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་འདེད་བཅས་བྱེད་པ་དང་། རྒྱང་ལམ་གསར་པར་འབད་བརྩོན་གྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ། སྙིང་སྟོབས་ཆེར་སྐྱེད་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཚེ། ང་ཚོས་རྒྱལ་ཁའི་ངང་རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་འབྱོར་པའི་གློག་འཕྲིན)