རྒྱལ་ཁབ་ཁག་གིས་ཕྱི་འབྲེལ་སྲིད་ཇུས་རང་བརྟེན་ཐག་གཅོད་བྱེད་པའི་དབང་ཆར་ཨ་རིས་བརྩི་འཇོག་ཏན་ཏིག་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་བདག་དབང་རྒྱལ་ཁབ་གང་རུང་ཚང་མར་རྒྱལ་ཁབ་གཞན་དག་དང་ཕྱི་འབྲེལ་འཕེལ་རྒྱས་གཏོང་བའི་རང་བརྟེན་གདམ་ག་བྱེད་དབང་ཡོད་པས། རྒྱལ་ཁབ་གཞན་དག་ལ་ཐེ་ཇུས་བྱེད་དབང་མེད། རྒྱལ་ཁབ་ཁག་གིས་ཕྱི་འབྲེལ་སྲིད་ཇུས་རང་བརྟེན་ཐག་གཅོད་བྱེད་པའི་དབང་ཆར་ཨ་རིས་བརྩི་འཇོག་ཏན་ཏིག་བྱེད་དགོས་ཞེས་བརྗོད།
གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་ཧོང་ཏུ་ར་སིའི་ཙུང་ཐུང་གཱ་སི་ཐེ་ལོས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་རྗེས་ཧོང་ཏུ་ར་སིར་ཕྱི་འབྲེལ་ཐད་གནོན་ཤུགས་སྤྲད་དེ་ཧོང་ཏུ་ར་སི་ཕྱོགས་ལ་ཀྲུང་གོ་ཕྱོགས་དང་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མཐུན་དངོས་སུ་མ་བཞག་གོང་ཕྱིར་འཐེན་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་རྩིས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
དབང་ཝུན་པིན་གྱིས། འཛམ་གླིང་ཐོག་གི་རྒྱལ་ཁབ་181གིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དོན་དངོས་ལས། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཡར་ཐོན་གྱི་རླབས་རྒྱུན་དང་འཚམ་པའི་གདམ་ག་ཡང་དག་ཅིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད། “ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཧོང་ཏུ་ར་སི་སྲིད་གཞུང་གི་དགེ་མཚན་ལྡན་པའི་རྣམ་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་ཧོང་ཏུ་ར་སི་དང་ཕྱོགས་གཉིས་པོའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་འདོད་ཡོད”ཅེས་བརྗོད།
ཁོང་གིས། ཉེ་ལམ་ལོ་ཤས་རིང་ཀྲུང་གོས་སྔ་རྗེས་སུ་ཕ་ན་མ་དང་། ཏོ་སྨི་ནི་ཁ། སར་ཝ་ཏོལ། ནི་ཁ་ར་ཀྭ་སོགས་རྒྱལ་ཁབ་དང་ཕྱི་འབྲེལ་བཙུགས་པའམ་ཡང་ན་ཕྱི་འབྲེལ་སླར་གསོ་བྱས་པ་དང་། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་རྩ་ཧ་ཅང་ཆེན་པོ་བསྐྲུན་ཡོད་ཅེས་བརྗོད།
དབང་ཝུན་པིན་གྱིས། བདག་དབང་རྒྱལ་ཁབ་གང་རུང་ཚང་མར་རྒྱལ་ཁབ་གཞན་དག་དང་ཕྱི་འབྲེལ་འཕེལ་རྒྱས་རང་བརྟེན་གདམ་ག་བྱེད་དབང་ཡོད་པས། རྒྱལ་ཁབ་གཞན་དག་ལ་ཐེ་ཇུས་བྱེད་དབང་མེད། གལ་ཏེ་ཨ་རིས་ཧོང་ཏུ་ར་སིའི་ཕྱི་འབྲེལ་ལ་གནོན་ཤུགས་སྤྲད་པའི་གནས་ཚུལ་བདེན་པ་ཡིན་ཚེ། འདི་ཐོག་ནས་ཨ་རིའི“རྒྱལ་ཁབ་ཁག་གིས་བདག་དབང་ལ་གཞིགས་ནས་ཕྱི་འབྲེལ་སྲིད་ཇུས་རང་སོ་སོས་གཏན་འཁེལ་བྱེད་དགོས་པའི”འབྲེལ་ཡོད་རྣམ་འགྱུར་དེ་སྟོང་བཤད་རང་ཡིན་པ་གསལ་བཤད་ཐུབ་ཡོད་ཅེས་བསྟན་པ་རེད།
“ཨ་རིས་ལོ་40ལྷག་ཙམ་གོང་ཀྲུང་གོ་གཅིག་གི་རྩ་དོན་ཁས་བླངས་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ཡོད་པས། རྒྱལ་ཁབ་གཞན་དག་གིས་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་པ་དང་འབྲེལ་བ་འཕེལ་རྒྱས་གཏོང་བའི་དབང་ཆ་འཕྲོག་པའི་ཐོབ་ཐང་དང་བཀག་འགོག་བྱེད་དབང་གང་ཡོད་དམ། རྒྱལ་ཁབ་ཁག་གིས་ཕྱི་འབྲེལ་སྲིད་ཇུས་རང་བརྟེན་ཐག་གཅོད་བྱེད་པའི་དབང་ཆར་ཨ་རིས་བརྩི་འཇོག་ཏན་ཏིག་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བདག་དབང་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།