དབུ་ཤོག>གསར་འགྱུར།
  • “འཛམ་གླིང་ཟང་ཟིང་ཇི་ཙམ་ཆེ་ན་ཀྲུང་ཨུའི་འབྲེལ་བ་དེ་ཙམ་གྱིས་བརྟན་པོའི་ངང་མདུན་དུ་བསྐྱོད་དགོས”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-24

    “འཛམ་གླིང་ཟང་ཟིང་ཇི་ཙམ་ཆེ་ན་ཀྲུང་ཨུའི་འབྲེལ་བ་དེ་ཙམ་གྱིས་བརྟན་པོའི་ངང་མདུན་དུ་བསྐྱོད་དགོས” ཉིན་ཤས་གོང་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡིས་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཆུ་ཚད་དེ་བས་མཐོ་བའི་ཐོག་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་ངེས་རེད་ཅེས་བརྗོད་པ་རེད།

    ཀྲང་ཧན་ཧུའེ་ཡིས། ཀྲུང་ཨུའི་གཙོ་བདག་དབར་འགྲོ་འོང་དམ་ཟབ་གནང་ནས་ཕྱོགས་གཉིས་པོའི་མཉམ་ལས་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གནང་བ་དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཕྱོགས་སྟོན་འཁོར་ལོ་དང་རྒྱ་མིག་ལྟ་བུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་དབར་ཀྲུང་ཨུའི་འབྲེལ་བ་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། ལོ་10ཡི་རིང་ཀྲུང་ཨུའི་འབྲེལ་བ་དུས་རབས་གསར་པར་སླེབས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་བརྗོད་པ་རེད།

    “འདི་ལོའི་ཟླ་དང་པོ་དང་གཉིས་པར་ཀྲུང་ཨུའི་ཚོང་དོན་འཕར་ཚུལ་སྔར་བཞིན་མྱུར་པོ་ཡོད་པས་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་336.9ཟིན་པ་དེ་དུས་མཚུངས་ལས་25.9%འཕར་ནས་འགོ་བཙུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ཡོད” ཀྲང་ཧན་ཧུའེ་ཡིས། དེ་ཐོག་ནས་ཀྲུང་ཨུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཞི་གདན་སྔར་བཞིན་བརྟན་པོ་ཡོད་པ་སླར་ཡང་མཚོན་ཐུབ། ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེ་བ་དང་། དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེ་བ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད་པས་ཨུ་རུ་སུ་ཕྱོགས་ཀྱི་ཁེ་ལས་དེ་བས་མང་བས་ཀྲུང་གོ་དང་མཉམ་ལས་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་པ་རེད། “2023ལོར་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ལོ་འདིའི་ནང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཏན་འཁེལ་གནང་བའི་ཨ་སྒོར་དུང་ཕྱུར་2000ཟིན་པའི་ཚོང་དོན་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་ཀྲང་ཧན་ཧུའེ་ཡིས་བརྗོད་པ་རེད།

    “འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་བསྟུན་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་སྒོ་གྲ་སྒྲིག་ཨང་བསར་བྱས་ཡོད” ཀྲང་ཧན་ཧུའེ་ཡིས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རིག་གནས་སྡེ་ཚན་གྱིས་མིང་རྟགས་བཀོད་པའི་གྲོས་མཐུན་གཞིར་བཟུང་། འདི་ལོ་ཨུ་རུ་སུར“ཀྲུང་གོའི་རིག་གནས་དུས་ཆེན”གཉེར་རྒྱུ་ཡིན་ཞིང་། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་ཨུ་རུ་སུར་འགྲེམས་སྟོན་བྱེད་པ་དང་འཁྲབ་སྟོན་ཚོགས་པ་ཨུ་རུ་སུར་སྤེལ་རེས་བྱེད་པར་མངགས་རྒྱུ་རེད། གཞན་ཡང་འདི་ལོ་ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོའི་སྒྲོམ་གཞིའི་ནང་ད་དུང་ནང་དོན་ཕུན་སུམ་ཚོགས་པའི་ལུས་རྩལ་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་རེད་ཅེས་བརྗོད་པ་རེད།

    “ལོ་བཅུའི་རིང་རྒྱལ་སྤྱིའི་དུས་བབ་ལ་ཚོད་བགམ་ཐེག་པ་བརྒྱུད། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཉིན་བཞིན་འཐུས་སྒོ་ཚང་དུ་དང་བརྟན་དུ་འགྲོ་བཞིན་ཡོད” ཀྲང་ཧན་ཧུའེ་ཡིས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་ཆེན་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་ཁྱིམ་མཚེས་དབར་མཛའ་གྲོགས་མཉམ་གནས་ཀྱི་ལམ་བུར་བསྐྱོད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བས་ཕྱོགས་གསུམ་པར་གཏན་ནས་དམིགས་མི་སྲིད་པ་དང་ཕྱོགས་གསུམ་པའི་འགོག་རྐྱེན་ཡང་འཕྲད་ཀྱི་མེད་ལ། ཕྱོགས་གསུམ་པའི་འཇིགས་སྐུལ་དེ་བས་དང་ལེན་བྱེད་མི་སྲིད་པའི་ངོས་འཛིན་བྱས་པ་རེད།

    “ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དེས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པས་ཀྲུང་ཨུའི་འབྲེལ་བར་སྐུལ་འདེད་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ཐོག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད”

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།