ཉེ་ཆར། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་སྐོར་སྲུང་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཆེད། དོ་དམ་ཅུས་ཀྱིས《སྐྱེ་ཁམས་སྲུང་སྐྱོང་གི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལམ་ལུགས》(གཤམ་དུ《ལམ་ལུགས》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་པ་རེད། སྤྱིའི་རྩ་དོན་དང་ཞར་བྱུང་དོན་ཚན་ཕུད། 《ལམ་ལུགས》ནང་ལས་ཀའི་ནང་དོན་དང་འགན་འཁྲི། ལས་ཀའི་ཚད་གཞི་དང་བླང་བྱ། ལྟ་ཞིབ་ཚད་ལེན་དཔྱད་ཡིག་དང་ཆ་འཕྲིན་དོ་དམ། ལས་དོན་མཐུན་སྦྱོར་ལམ་སྲོལ་བཅས་ཕྱོགས་བཞི་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལ་གཏན་འབེབས་བཏོན་ཡོད།
ལས་ཀའི་ནང་དོན་དང་འགན་འཁྲིའི་ཐད། 《ལམ་ལུགས》ནང་སྐྱེ་ཁམས་སྲུང་སྐྱོང་དང་། སྐོར་ཞིབ་སྐོར་སྲུང་། ཐོན་ཁུངས་ལྟ་ཞིབ་ཚད་ལེན་བཅས་ཕྱོགས་གསུམ་ནས་སྐྱེ་ཁམས་སྲུང་སྐྱོང་གི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཞིབ་ཚགས་སུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལས་དོན་གྱི་འགན་འཁྲི་ཁ་གསལ་བཟོས་པ་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་ཡན་ལག་ཅུས་ཁག་གིས་ཐུན་མོང་ཐོག་འགན་འཁུར་རྒྱུ་དང་། སྐོར་ཞིབ་སྐོར་སྲུང་གི་ལས་དོན་ཡན་ལག་ཅུས་ཁག་གིས་འགན་ཞིབ་ཕྲ་འཁུར་རྒྱུ། ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་ལས་དོན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་འགན་ཞིབ་ཕྲ་འཁུར་དགོས་ཀྱི་ཡོད།
ལས་ཀའི་ཚད་གཞི་དང་བླང་བྱའི་ཐད། 《ལམ་ལུགས》ནང་ཚན་པ་ཁག་གིས་འགན་འཁྲིའི་ཁུལ་ནང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་དང་ཡུལ་སྐོར་ཟང་ཟིང་སོགས་གནད་དོན་གྱི་མཐུན་སྦྱོར་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། གཏན་འབེབས་ལྟར་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་ས་ཁོངས་ནང་གི་རང་བྱུང་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་འགུལ་རྣམ་འགྱུར་ལྡོག་སོགས་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཁག་གིས་ཁོངས་གཏོགས་ཁུལ་གྱི་རྒྱུན་གཏན་སྐོར་སྲུང་ལྟ་ཞིབ་ཚད་ལེན་དང་། སྡེ་ཁུལ་གྱི་མཐུན་སྦྱོར་དོ་དམ། སྐྱེ་ཁམས་ཉམས་ལེན། ཚན་རིག་ཞིབ་འཇུག་སོགས་ཀྱི་ལས་ཀའི་འགན་འཁྲི་འཁུར་བ་དང་། གློག་རྡུལ་ཡིག་ཚགས་ལ་དོ་དམ་ཡག་པོ་བྱེད་པ། དུས་བཀག་ནང་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གོང་དུ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།
ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་དང་ཆ་འཕྲིན་དོ་དམ་ཐད། 《ལམ་ལུགས》ནང་ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་ལ་རིམ་པ་གཉིས་པའི་དོ་དམ་ལག་བསྟར་བྱེད་དགོས། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞི་འཚོལ་བསྡུ་དང་། བེད་སྤྱོད། དོ་དམ་བཅས་ཀྱི་འགན་འཁུར་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ས་ཚིཌ་ཁག་གིས་ས་ཚིགས་ཁག་གི་དཔྱད་ཡིག་གོང་ཞུ་དང་། བེད་སྤྱོད། དོ་དམ་བཅས་ཀྱི་འགན་འཁུར་དགོས་པ། སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལས་དོན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་འགན་འཁུར་དགོས་པ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡིས་གཅིག་གྱུར་ཁྱབ་བསྒྲགས་བྱེད་དགོས་པ། ཚན་པ་དང་མི་སྒེར་གང་རུང་གིས་ཆོག་མཆན་མེད་པར་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་དཔྱད་ཡིག་ཡོངས་བསྒྲགས་བྱ་མི་ཆོག་པའི་གཏན་འབེབས་བྱས་ཡོད།
ལས་ཀའི་མཐུན་སྦྱོར་ལམ་སྲོལ་ཐད། 《ལམ་ལུགས》ནང་ཚན་པ་ཁག་གིས་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་དང་། རམ་འདེགས་གཞོགས་འདེགས། ཆ་འཕྲིན་སྤེལ་རེས། ཉམས་མྱོང་མཉམ་སྤྱོད་བཅས་ལ་ཤུགས་སྣོན་དང་། ལས་ཀའི་དགོས་མཁོར་གཞིགས་ནས་གནད་དོན་བརྡ་ཁྱབ་དང་ཁུངས་སྣེ་རྩིས་སྤྲོད་སོགས་ཀྱི་ལས་དོན་སྒྲིག་འཛུགས། དུས་བཀག་གམ་དུས་ངེས་མེད་དུ་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་གནས་ཚུལ་སྤེལ་རེས་དང་། གནད་དོན་དབྱེ་ཞིབ། ཉེན་ཁར་དབྱེ་ཞིབ་བཅས་བྱས་ཏེ་ཐབས་ཇུས་དང་ལས་ཀའི་བྱ་ཐབས་འདོན་དགོས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་གི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཀྱི་ནང་དུ་འཇུག་དགོས་པ་ཁ་གསལ་བཏོན་ཡོད།