མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་སྤྱོད་ཚུལ་སྔར་བས་ཚད་ལྡན་དུ་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ཉེ་ཆར་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་བཅོས་སྐྱོང་དང་ཁྱབ་ཁོངས་གཙོ་བོའི་རིན་གོང་ལྟ་འདོམས་བྱེད་པའི“2023ལོའི་ས་ཁོངས་གཙང་སེལ”བྱ་སྤྱོད་བཀོད་སྒྲིག་ཚོགས་འདུ་རབ་དང་རིམ་པ་འཚོགས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“2023ལོའི་ས་ཁོངས་གཙང་སེལ”བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་དང་། “གཙོ་གནད་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་དང་། ཁྲིམས་འགལ་གྱི་བྱེད་པོ་ཁག་གཅིག་ལ་ཉེས་ཆད་ནན་པོ་གཅོད་པ། དཔེ་མཚོན་གྱི་གྱོད་གཞི་ཁག་གཅིག་དམར་རྗེན་དུ་འདོན་པ། ལས་རིགས་ཁག་གཅིག་གི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལས་ཀའི་ལམ་སྲོལ་ལྟར། སྒྲིག་འགལ་གྱི་གྲོན་བསྡུའི་སྤྱོད་ཚུལ་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས་ཁྲོམ་རའི་གསོན་ཤུགས་ཏན་ཏིག་འཕེལ་བར་བྱེད་པ། ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱས་པ་རེད།
ཆུ་དང་། གློག སོལ་རླངས་བཅས་མཁོ་འདོན་བྱེད་མཁན་ཁེ་ལས་ཀྱིས་ཆུ་རིན་དང་། གློག་རིན། སོལ་རླངས་ཀྱི་རིན་གོང་བཅས་སྲིད་གཞུང་གི་གཏན་འབེབས་རིན་གོང་དང་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལྟར་ལག་བསྟར་མི་བྱེད་པ་དང་། སྲིད་གཞུང་གིས་བཀའ་རྒྱ་ཡོངས་བསྒྲགས་བྱས་ནས་མེད་པར་བཟོས་པ་དང་གཏན་འགོག་བྱས་པའི་གྲོན་དངུལ་མུ་མཐུད་བསྡུ་རིགས་སོགས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་རིན་གོང་གྲོན་བསྡུ་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་མི་བྱེད་པ་དང་། གཏན་འབེབས་ལྟར་སྲིད་གཞུང་གི་རིན་གོང་གཏན་འབེབས་ལམ་ཡང་ན་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་མི་བྱེད་པ། གྲོན་དངུལ་བསྐྱར་མ་བསྡུ་བ་སོགས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རང་མོས་ཀྱི་རྩ་དོན་ལས་འགལ་ནས་བཙན་ཤེད་ངང་ཞབས་ཞུ་རང་བཞིན་གྱི་གྲོན་བསྡུ་དང་གྲོན་དངུལ་ཚབ་བསྡུ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཟིགས་སྐྱོང་དང་། ཆག་ཡང་དང་རྩ་ཆག ཕྱིར་སློག་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་མི་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། དྲ་ཐོག་ཚོང་དོན་སྟེགས་བུ་སོགས་ཀྱིས་གཏན་འབེབས་ལྟར་རིན་གོང་གསལ་པོ་མི་འགོད་པ་དང་། རིན་གོང་ཧམ་སྤོར་བྱེད་པ། འབེལ་ཉོ་དཀོན་འཚོང་། རིན་གོང་འཕར་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོ་མ། ཕན་ཚུན་ལྐོག་འབྲེལ་བྱེད་པ་སོགས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་རྣམ་གྲངས་རང་ངོས་ནས་འདོན་པ་དང་། རང་གིས་ཚད་གཞི་གཏན་འཁེལ་བྱེད་པ། རྣམ་གྲངས་ཁག་བགོས་ནས་གྲོན་དངུལ་བསྡུ་བ་བཅས་ཀྱི་གནད་དོན་དང་། གཏན་འབེབས་ལྟར་ཞབས་འདེགས་མི་ཞུ་བ་མ་ཟད་ད་དུང་གྲོན་དངུལ་བསྡུ་བ་སོགས《རིན་གོང་བཅའ་ཁྲིམས》དང《སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལས་འགལ་བའི་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ་རེད།