དབུ་ཤོག>གསར་འགྱུར།
  • ཅ་དངོས་འདི་དག་རིན་མི་དགོས་པར་གཡར་གྱི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-23

    ལྷ་སར་རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་ཁག་དང་པོ་དངོས་སུ་སྤྱོད་འགོ་ཚུགས་འདུག

    དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་གསུམ་པ་ཤར་བ་ན། ལྷ་ས་གྲོང་ཁྱེར་གྱི་ལྗོན་ཤིང་དག་ཁ་འབུས་ནས་སྔོ་ལྗང་གཡུ་ལོ་རྒྱས་འགོ་ཚུགས། སྤྱི་གླིང་དང་གཞུང་ལམ་ངོགས་ཀྱི་ཁམ་སྡོང་དག་ལའང་མཚར་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་སྐྱེ་བོའི་མིག་གི་སྟོན་མོར་གྱུར། དྲོ་ཞིང་འཇམ་པའི་དཔྱིད་རླུང་གིས་ནོར་འཛིན་དགའ་མའི་བཞིན་ལ་བྱིལ་བྱིལ་བྱེད་བཞིན་དུ་སིལ་སིལ་རོལ་མོ་དང་འགྲོགས་ནས་དཔྱིད་དཔལ་གྱི་དགེ་མཚན་གླུ་རུ་ལེན་བཞིན་མཆིས།

    3.jpg

    ཟླ་3ཚེས་21ཉིན།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་འགྲོ་སྐྱོད་སྟབས་བདེ་པོ་མེད་མཁན་དང་། དབང་པོ་སྐྱོན་ཅན།  ཉམས་ཞན་ཚོགས་སྤྱི་སོགས་ལ་སྟབས་བདེ་བསྐྲུན་ནས་ཁོང་ཚོ་རྒྱུན་གཏན་ལྟར་སྤྱི་ཚོགས་ཀྱི་འཚོ་བར་རོལ་ཐུབ་པ་དང་། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་མཉམ་སྤྱོད་ཆོག་པའི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་སྐྲུན་རྒྱུ་གོ་སྐབས་སུ་བྱས་ནས།  “བདེ་སྐྱིད་ལྡན་པའི་ལྷ་སར་ཁྱེད་དང་མཉམ་དུ་འགྲོགས”ཅེས་པའི་ཁག་དང་པོའི་རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་ལྷ་སའི་ཁྲེང་ཀོན་ཝན་ཏཱ་ཚོང་ར་དང་། ལྷ་སའི་བརྒྱ་ཟོག་ཚོང་ཁང་། རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་བཅས་སུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རིན་པ་མི་དགོས་པར་མཁོ་ཆས་གཡར་བའི་ནི་དབང་སྐྱོན་མི་སྣ་རྒྱུན་གཏན་ལྟར་འཚོ་བ་སྐྱེལ་ཐུབ་པར་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་དང་མཉམ་འདྲེས་བྱེད་པའི་ལག་ཆ་གལ་ཆེན་ཞིག་རེད། དེར་བརྟེན། རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་འཛུགས་པར་ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་དམངས་བདེ་དམངས་ཕན་ཡོང་བ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བཟུང་སྟེ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ཞབས་འདེགས་ཞུ་སྟངས་གསར་དུ་བཏོད་དེ། ཁྱོན་མ་དངུལ་སྒོར་ཁྲི་27ལྷག་ཙམ་བཏང་ནས་རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་བཙུགས་ཤིང་། ད་རེས་ཁག་དང་པོའི་རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་3དང་ཞབས་འདེགས་ཞུ་ས་6ཡོད་པ་དང་། དེ་ཡང་དགོས་པ་ཡོད་པའི་རྒྱ་ཆེའི་མང་ཚོགས་རྣམས་ལ་འཁྱེར་བདེའི་ལག་སྒུལ་རྐུབ་སྟེགས་འཁོར་ལོ་དང་། རྒྱབ་བསྙེས་མཐོ་བའི་རྐུབ་སྟེགས་འཁོར་ལོ། འཁར་རྒྱུག ལག་འཁར་ཉི་གདུགས་སོགས་ཡོ་བྱད་སྣ་ཁ་43རིན་མེད་མཁོ་འདོན་བྱས་ཡོད་པ་རེད།

    4.jpg

    “ང་ཚོས་ཞབས་ཞུའི་ས་ཚིགས་འདི་འདྲ་ཞིག་བཙུགས་དགོས་དོན་ནི། གཅིག་ནས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འགོག་རྐྱེན་མེད་པའི་གྲོང་ཁྱེར་སྐྲུན་རྒྱུ་དེ་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ནང་དོན་གཙོ་བོར་བཞག་ཡོད་པ་དང་། གཉིས་ནས་ལྷ་སའི་གྲོང་ཁྱེར་ནང་ཁུལ་གྱི་ཝན་ཏཱ་ཚོང་ར་དང་། བར་སྐོར། དེ་མིན་གྱི་རྫོང་རྒྱབ་ཀླུ་ཁང་སོགས་སུ་འགྲོ་སྐྱོད་སྟབས་བདེ་པོ་མེད་མཁན་དང་། དེ་མིན་དབང་པོ་སྐྱོན་ཅན་དང་།  རྒན་རྒོན། དེ་བཞིན་ལ་དུག་ཕོག་པའི་ཡུལ་སྐོར་བ་སོགས་མང་པོ་འདུག དེར་བརྟེན། ང་ཚོས་དབང་པོ་སྐྱོན་ཅན་ཁོ་ན་ཙམ་མིན་པར་དགོས་མཁོ་ཡོད་པའི་མང་ཚོགས་ཚང་མར་ཁ་ཕྱོགས་ཏེ།  ཞབས་ཞུའི་ས་ཚིགས་འདི་འདྲ་ཞིག་བཙུགས་པ་ཡིན། དགོས་མཁོ་ཡོད་མཁན་ཚང་མས་བེད་སྤྱོད་བྱས་ན་འགྲིག་གི་རེད། དེར་རིན་པ་གང་ཡང་སྤྲོད་དགོས་མེད། ཡིན་ནའང་བེད་སྤྱོད་བྱས་ཟིན་རྗེས་ཡང་བསྐྱར་འདིར་འཇོག་དགོས ”ཞེས་རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་བཙུགས་པའི་དམིགས་ཡུལ་གླེང་སྐབས་ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས་འདི་ལྟར་བརྗོད།

    སྣ་ཁ་མང་ཞིང་ཕན་ཐོགས་ཆེ་བའི་ཞབས་ཞུའི་མཁོ་ཆས་འདི་དག་མཐོང་རྗེས།  དབང་སྐྱོན་ཡིན་པའི་ནོར་བུ་ཚེ་དབང་གིས། ནམ་རྒྱུན་ང་ཚོ་ཁྲོམ་དུ་འགྲོ་སྐབས་སུ་སྟབས་བདེ་པོ་དེ་ཙམ་མི་འདུག འོན་ཀྱང་དེ་རིང་ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་བར་སྐོར་དང་ཝན་ཏཱ་ཚོང་ར་སོགས་སུ་རིན་པ་མི་དགོས་པའི་ཞབས་ཞུའི་མཁོ་ཆས་མང་པོ་མཁོ་འདོན་བྱས་འདུག་པས། སླད་ཕྱིན་ང་ཚོ་ཕྱིར་སྐྱོད་སྐབས་སྟབས་ཧ་ཅང་བདེ་པོ་ཡོང་ས་རེད་ཅེས་སྤྲོ་སྣང་ཆེན་པོས་གསར་འགོད་པར་བཤད།

    “འདི་ལོའི་ཟླ་5པའི་གོང་དུ་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་སོགས་སུ་ཁྱོན་ས་ཚིགས་8དང་། ཞབས་འདེགས་ཞུ་ས་21 གྲོང་མིའི་སྡེ་ཁུལ་གྱི་སྒོ་ར་11བཅས་སུ་རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་འཛུགས་རྒྱུའི་འཆར་གཞི་ཡོད། དེ་བཞིན་ཡོ་བྱད་འདི་དག་དགོས་མཁོ་ཡོད་མཁན་མང་ཚོགས་ཚང་མས་ཡུན་རིང་བེད་སྤྱོད་ཐུབ་ཆེད། ཚང་མས་བེད་སྤྱོད་གཏོང་རིང་ཡོ་བྱད་འདི་དག་ལ་བདག་གཅེས་ཡག་པོ་གནང་རོགས་ཞུ་རྒྱུ་མ་ཟད། བེད་སྤྱོད་བྱས་ཟིན་རྗེས་ཡིན་གཅིག་ཞབས་འདེགས་ཞུ་སར་སྐྱེལ་བར་ཡོང་དགོས་པའི་རེ་བ་ཞུ་རྒྱུ་ཡིན”ཞེས་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས་བཤད།

    རིན་པ་མི་དགོས་པར་དབང་སྐྱོན་སོགས་ཀྱི་མཁོ་ཆས་གཡར་བའི་ཞབས་ཞུའི་ས་ཚིགས་བཙུགས་པ་དེས་ལྷ་ས་གྲོང་ཁྱེར་གྱི་འགོག་རྐྱེན་མེད་པའི་གྲོང་ཁྱེར་སྐྲུན་པའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད། ལས་དོན་དེས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་གྲོང་མི་ཚོའི་སྲུང་སྐྱོང་ཞིབ་ཚགས་འོག་དགོས་མཁོ་ཡོད་པའི་མང་ཚོགས་དེ་བས་མང་བར་སྟབས་བདེ་བསྐྲུན་ཐུབ་ནས། ཞི་མཐུན་དང་། ཡིད་ཆེས། བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་སའི་རྣམ་པ་གསར་པ་གཏོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པར་གདོན་མི་ཟའོ།

    གསར་འགོད་པ། བསྟན་འཛིན་གཞོན་པ། བསྟན་འཛིན་གཡུ་སྒྲོན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།