དབུ་ཤོག>གསར་འགྱུར།
  • “ཨུ་རུ་སུའི་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་སེམས་འཆང་བཞིན་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-23

    7bf5cefa-1d87-4c3d-983a-096818a177c9.jpg.jpg

    འདི་ནི་ཟླ་3ཚེས་14ཉིན། ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཅ་ལིན་ན·ཁུ་ལི་ཁོ་ཝས་ཨུ་རུ་སུའི་མོ་སི་ཁོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་བཞིན་པ།

    ཉིན་ཤས་གོང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་དང“མཛའ་གྲོགས་གཟེངས་རྟགས”ཐོབ་མཁན་ཅ་ལིན་ན·ཁུ་ལི་ཁོ་ཝས་མོ་སི་ཁོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སུའི་མི་དམངས་ཀྱིས་གྲོགས་པོ་བློས་ཐུབ་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཨུ་རུ་སུར་འཚམས་འདྲི་གནང་བར་ཕེབས་རྒྱུའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་བརྗོད། ཡང་ཁོང་གིས། ད་ཐེངས་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པར་སྐུལ་འདེད་ཀྱང་ཐེབས་རྒྱུ་རེད་ཅེས་བརྗོད།

    ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཨུ་རུ་སུར་འཚམས་འདྲིར་ཕེབས་པའི་སྐོར་གླེང་སྐབས་ལོ་ན་བགྲེས་པའི་ཁུ་ལི་ཁོ་ཝའི་བཞིན་ལས་དགའ་ཚོར་ཆེན་པོ་བྱུང་ཚུལ་མངོན་ཞིང་། ཁུ་ལི་ཁོ་ཝས། 2013ལོར་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས། ཨུ་རུ་སུ་རྒྱལ་དོན་འཚམས་འདྲི་བྱེད་པའི་རྒྱལ་ཁབ་དང་པོར་བཞག་ཡོད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་གལ་ཆེན་གནང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་འདོད་ཚུལ་རྒྱས་བཤད་གནང་བ་མ་ཟད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཉམས་འགྱུར་ཡང་མངོན་པ་དེས་ཨུ་རུ་སུའི་སྤྱི་ཚོགས་ལས་རིགས་ཁག་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅེས་བརྗོད། ཁུ་ལི་ཁོ་ཝ་ཡིས། ངས་ཨུ་རུ་སུའི་མི་དམངས་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་རྒྱུན་ཆད་མེད་པར་དྲིལ་བསྒྲགས་དང་ངོ་སྤྲོད་བྱ་རྒྱུ་ཡིན། གང་ལགས་ཤེ་ན། གོང་དུ་བརྗོད་པའི་གྲོས་འགོ་དང་འདུ་ཤེས་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད་ཅེས་བརྗོད།

    ཁུ་ལི་ཁོ་ཝས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དད་གུས་དང་གུས་བཀུར་ཆེན་པོ་ཞུ་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྡན་པའི་བློ་སྟོབས་དང་། སྙིང་རུས། ཁེངས་སྐྱུང་། ཆོད་སེམས་བཅས་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། “ཁོང་ནི་མི་དམངས་ལ་དགའ་ཞེན་ཆེ་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་འབད་བརྩོན་གནང་མཁན་གྱི་འགོ་ཁྲིད་པ་ཞིག་རེད” ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ“དེ་ཐོག་ནས་ཁོང་ལ་མི་དམངས་ཀྱི་ཡིད་ཆེས་དང་བརྩི་འཇོག་ཐོབ་པ་གང་ལེགས་མཚོན་ཐུབ”ཅེས་བརྗོད།

    ཁུ་ལི་ཁོ་ཝས“ཨུ་རུ་སུའི་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་སེམས་འཆང་བཞིན་ཡོད”ཉེ་དུས་སྤྱི་ཚོགས་ཐོག་གི་བརྟག་དཔྱད་ལ་གཞིགས་ན། ཨུ་རུ་སུའི་དམངས་ཚོགས་ཀྱིས་ཀྲུང་གོ་ནི་གྲོགས་པོ་ཡག་པོ་ཞིག་ཡིན་པའི་ངོས་འཛིན་ཡོངས་ཁྱབ་བྱེད་ཀྱི་ཡོད། དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཐབ་ཇུས་སྣེ་ཁྲིད་གནང་བ་དང་ཁ་འབྲལ་ཐབས་མེད། ཡུལ་དུས་གང་དུའང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བའི་མི་སྣར་རྟག་ཏུ་དོ་ཁུར་གནང་གི་ཡོད། ཞི་ཅིན་ཕིང་སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས། ཨུ་རུ་སུ་སྔར་བཞིན་རྒྱལ་དོན་འཚམས་འདྲི་བྱེད་པའི་རྒྱལ་ཁབ་དང་པོར་བཞག་པ་དེ་ཐོག་ནས་ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གལ་ཆེའི་རང་བཞིན་མངོན་ཡོད་ཅེས་བརྗོད།

    ཁུ་ལི་ཁོ་ཝས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་པ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་གཞོལ་ཡོད། རྒྱལ་ཁབ་གཉིས་པོས་ལག་གདང་དཔུང་སྦྲེལ་གྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཨུ་ཀྲུང་ནམ་ཡང་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་། ཕན་ཚུན་ལྟ་སྐྱོང་བྱེད་པའི་གྲོགས་པོ་ཡག་པོ། ཟོལ་མེད་མཉམ་ལས་བྱེད་པའི་རོགས་ཟླ་བཟང་པོ་བཅས་བྱེད་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད། “ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་ནས་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།