དབུ་ཤོག>གསར་འགྱུར།
  • ཨུ་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་ཆེན་པོའི་དབར་གྱི་ཞི་མཐུན་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་མ་གནང་གོང་། ཚེས་20ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས《མི་དམངས་ཉིན་རེའི་ཚགས་པར》ཐོག《ཨུ་རུ་སུ་དང་ཀྲུང་གོ—འབྱུང་འགྱུར་ལ་ཕྱོགས་པའི་རོགས་ཟླའི་འབྲེལ་བ》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་ནས། མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་གུས་འདུད་ཞུས་པ་དང་འབྲེལ། ཨུ་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་ཆེན་པོའི་དབར་གྱི་ཞི་མཐུན་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་བྱས་ནས་ཕྱོགས་གཉིས་པོའི་ཕྱོགས་ཁག་གི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་སྣོན་པའི་རེ་བ་ཡོད་ཅེས་འཁོད་ཡོད་པ་རེད།

    ཕུའུ་ཅིང་གིས་རྩོམ་ཡིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ལས་ཨུ་ཀྲུང་རོགས་ཟླའི་འབྲེལ་བར་དམིགས་བསལ་གྱི་རང་བཞིན་ལྡན་པ་དང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྱི་བདག་དབང་དང་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་སླར་ཡང་ར་འཕྲོད་ཐུབ་ཡོད་ཅེས་བསྟན་ཡོད།

    རྩོམ་ཡིག་ནང་ལོ་བཅུའི་རིང་སྲ་ཞིང་བརྟན་པའི་ཨུ་ཀྲུང་མཛའ་གྲོགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རིམ་ནི་མི་རྣམས་ཧང་སང་དགོས་པ་ཞིག་ཡོད་ཅིང་། ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་མ་ཟད། མུ་མཐུད་བརྟན་དུ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོས་ཡིད་ཆེས་ཆེན་པོ་བྱེད་པའི་ཆབ་སྲིད་ཀྱི་གླེང་མོལ་བྱས་པ་དང་། དེ་ནི་ཕྱོགས་ཡོངས་ཀྱི་དུས་རབས་གསར་པའི་འཐབ་ཇུས་མཉམ་ལས་ཤིག་རེད་ཅེས་འཁོད་ཡོད།

    རྩོམ་ཡིག་ནང་ཨུ་རུ་སུ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་། སྒོ་དབྱེ། བསྟུན་མཁས། རྒྱལ་ཁབ་གསུམ་པར་མི་དམིགས་པ་བཅས་ཀྱི་ས་ཁུལ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་མ་ལག་འཛུགས་པར་གཞོལ་བཞིན་ཡོད་ཅེས་འཁོད་ཡོད།

    རྩོམ་ཡིག་ནང་ཨུ་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་ཆེན་པོའི་དབར་ཞི་མཐུན་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བསྟན་ཡོད། ཁོང་གིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཐབ་ཇུས་ཀྱི་གདམ་ག་གཞི་རྩར་བྱས་པའི་ཨུ་ཀྲུང་མཛའ་གྲོགས་དང་རོགས་ཟླའི་འབྲེལ་བ་མུ་མཐུད་སྟོབས་ཆེར་ཕྱིན་ནས། ཨུ་རུ་སུ་དང་ཀྲུང་གོའི་བདེ་སྐྱིད་དང་དར་རྒྱས་ཡོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།