དམངས་གཉེར་དཔལ་འབྱོར་ནི་རང་རེའི་ཏང་གིས་ཡུན་རིང་སྲིད་འཛིན་པ་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་གྱིས་རང་ལྗོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་སྐུལ་མ་ཐེབས་པ་མ་ཟད། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་སེམས་ཤུགས་འཕེལ་བ་དང་། གདེང་ཚོད་བརྟན་པོ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས། དམངས་གཉེར་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།
དམངས་གཉེར་ཁེ་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་རང་ཉིད་ཀྱི་མིར་བརྩི་དགོས་པའི་ནན་བཤད་གནང་བ་ལས། ཏང་ཀྲུང་དབྱང་གིས་དམངས་གཉེར་ཁེ་ལས་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་པ་དང་། བོད་དུ་འབད་འཐབ་བྱེད་པའི་ང་ཚོ་དམངས་གཉེར་ཁེ་ལས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། སྐུལ་ལྕག་ཆེན་པོ་ཐེབས་པ། ངར་ཤུགས་རབ་ཏུ་འཕེལ་བ”བཅས་བྱུང་ཡོད་ཅེས་ལྷོ་ཁ་གྲོང་ཁྱེར་རུའེ་ཤིན་ཁེ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་མཱ་ཝུན་ཅུན་གྱིས་བརྗོད་པ་དང་། ཁོང་གིས“ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་འཕེལ་རྒྱས་གཏོང་རིང་གི་དཀའ་གནད་མང་པོ་ཐག་གཅོད་བྱེད་རོགས་བྱས་ཡོད། ང་ཚོར་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་མང་པོ་ཞིག་རག་བྱུང་། ཁེ་ལས་འཕེལ་རྒྱས་སྔར་བས་ལེགས་སུ་འགྲོ་བར་ང་ཚོར་གདེང་ཚོད་ཡོད་ལ་ཆོད་སེམས་ཀྱང་ཡོད། བོད་དུ་གཞི་ཚུགས་པ་དང་ལྷོ་ཁར་གཞི་ཚུགས་ནས་གངས་ལྗོངས་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།
ལྷོ་ཁ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཉི་མ་སྒྲོལ་དཀར་གྱིས“བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་དམངས་གཉེར་ཁེ་ལས་ཀྱི‘ཁྱིམ་གཞིས’ཡིན་པས། དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། དམངས་གཉེར་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པ། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་རིན་ཐང་དེ་བས་ཆེ་བ་འདོན་པར་ཁྲིད་སྟོན་བཅས་བྱེད་པ་ནི་ང་ཚོའི་འགན་འཁྲི་རེད། སླད་ཕྱིན་ང་ཚོས་མཐུན་སྒྲིལ་དང་། རོགས་རམ། སློབ་གསོ། ཁྲིད་སྟོན་སོགས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས། དྲང་གཞག་དང་ཁ་གསལ་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་ཤུགས་སྣོན་དང་། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད། དམངས་གཉེར་ཁེ་ལས་མཁས་ཅན་གྱི་སྣེ་འཁྲིད་དེ་ལྷོ་ཁ་དང་མཉམ་དུ་འཕེལ་རྒྱས་དང་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་བརྗོད་པ་རེད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ལྷག་པའི་ཞན་ཆ་དང་འགྲན་སློང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག འཕར་བའི་སྒུལ་ཤུགས་སྒྱུར་བ། གཙོ་ལས་བརྟན་སྲུང་། ཁེ་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་རང་རྟོགས་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།
“འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག འཕར་བའི་སྒུལ་ཤུགས་སྒྱུར་བ”བཅས་ཀྱི་ཐད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧན་ཡུས་ཀྱིས“དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས་ན་སྲིད་གཞུང་གིས་ལས་སྟེགས་མང་ཙམ་སྐྲུན་པ་དང་ཁེ་ལས་ཀྱིས་གཞོགས་འདེགས་ཡག་པོ་བྱེད་དགོས་ལ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཀྱང་དམངས་གཉེར་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་དཔལ་འབྱོར་མ་ལག་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས”ཞེས་བརྗོད།
ཡུལ་སྐོར་རིག་གནས་ཐོན་ལས་ནི་རང་ལྗོངས་ཀྱི“ཐོན་ལས་ཆེ་གྲས་བདུན”གྱི་གྲས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“གཙོ་ལས་བརྟན་སྲུང་བྱས་ནས་ཁེ་ལས་སྟོབས་ཆེར་གཏོང་དགོས”ཞེས་པ་དེ་རང་སྐྱོང་ལྗོངས་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བོད་ལྗོངས་བོད་ཡུལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཉེ་ཞུའེ་ཀྲི་ཡི་འབད་འཐབ་དམིགས་ཚད་ལ་གྱུར་ཡོད། ཁོང་གིས“ངས་ཀུང་སིའི་སྣེ་འཁྲིད་དེ་ཡུལ་སྐོར་ལས་རིགས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་རིམ་པ་སྤོར་རྒྱུ་དང་། རིག་གནས་ཡུལ་སྐོར་ལས་རིགས་ལ་མུ་མཐུད་འབད་བརྩོན་བྱས་ནས་རིག་གནས་ཡུལ་སྐོར་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་སྒོའི་རྣམ་པ་ལེགས་སུ་བཏང་སྟེ་མགྲོན་ཁང་ཡུལ་སྐོར་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མུ་མཐུད་འཚོལ་ཞིབ་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་རྒྱུ་མཐའ་འཁྱོངས་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པ། ཁྱད་ལྡན་དང་། རྩེར་སོན། ལེགས་གྲས་བཅས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རུ་སྣེ་ཁྲིད་མཁན་ཞིག་བྱེད་ཀྱི་ཡིན”ཞེས་བརྗོད།
ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་ཡིན་རུང་དམངས་གཉེར་ཁེ་ལས་ཡིན་ཡང་རུང་། ཚང་མ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས་ཞེས་བསྟན་ཡོད།
“དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་རྗེས་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་ལེགས་པ་འཁུར་དགོས་ལ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཡང་འདེབས་དགོས། ང་ཚོའི་ཁེ་ལས་ཀྱིས‘གླིང་ཁུལ་དང་། ཐོན་ལས། དངུལ་རྩ’བཅས་དང‘ལག་རྩལ་དང་། མ་རྩ། ཐོན་ལས’ ‘སྲིད་གཞུང་དང་། ཁེ་ལས། སློབ་ཆེན’བཅས་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་རིམ་གསུམ་གྱི་དུང་འཁྱིལ་རྣམ་པ་བརྒྱུད། ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞི་བསྐྲུན་ནས་ས་མཐོའི་སྐྱེ་ཁམས་དང་། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁེ་ལས་གསར་པ་གཙོ་གནད་ཐོག་ནང་འདྲེན་དང་སྐྱེད་སྲིང་བྱེད་པ་དང་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བའི་ཚན་རྩལ་ཤེས་ལྡན་མི་སྣ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་ནས་ལས་ཞུགས་ལས་གཏོད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དེ་བས་ལེགས་པ། ཤུགས་རྐྱེན་ཐེབས་ཤུགས་དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་ཐབས་བྱེད་ཀྱི་ཡིན”ཞེས་ཆིང་ནུའོ་ཀུང་སིའི་འགན་འཁུར་བ་ཧོ་ཧྥུའུ་ཀུའེ་ཡིས་བརྗོད།
མངའ་རིས་ས་ཁུལ་རུ་ཐོག་རྫོང་རྒྱ་འོད་གངས་རི་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང་། རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་25ཀུང་སིའི་ལས་མིར་བསྡུས་པའི་ནང་དབང་པོ་སྐྱོན་ཅན་3དང་སློབ་གྲྭ་ཆེ་མོ་བ་4ཡོད་པ་རེད། དེ་དང་ཆབས་ཅིག་ཀུང་སིས་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁོར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་དང་དབང་པོ་སྐྱོན་ཅན་ལ་འཚམས་འདྲི་བྱེད་པ་དང་ལྷག་དོན་དུ་མང་ཚོགས་སྨན་བཅོས་དང་། ལས་ཞུགས། སློབ་གྲྭར་སྐྱོད་པ་སོགས་ཀྱི་ཐད་རོགས་རམ་ཐེངས་མང་བྱས་ཤིང་། རིམ་རྩིས་བྱས་ན་གཅེས་སེམས་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ཡོད་པ་རེད།
“ཀུང་སིས་མང་ཚོགས་ལ་བརྩེ་སེམས་འཆང་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མི་དམངས་མང་ཚོགས་ལ་དྲིན་ལན་འཇལ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བར་བྱས་ཡོད”ཅེས་ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ཐུབ་བསྟན་ཆོས་འཕེལ་གྱིས་བརྗོད།