དབུ་ཤོག>གསར་འགྱུར།
  • དགུ་བཅུ་པའི་ནང་སྐྱེས་ཀྱི་ནོར་བུའི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-17

    ལོ་རབས་དགུ་བཅུའི་ནང་སྐྱེས་ཀྱི་ནོར་བུ་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་ཐོན་པ་དང་། སློབ་ཆེན་སློབ་མ་ཞིག་ནས་ཕ་ཡུལ་གྱི་ལས་གཏོད་པ་ཞིག་ཏུ་གྱུར་པའི་ནོར་བུས་ཐོག་མཐའ་བར་གསུམ་དུ་ཐོག་མའི་འདམ་ག་མཐའ་འཁྱོངས་ཀྱིས་ཧུར་བརྩོན་དངོས་སྒྲུབ་དང་རང་ཚུགས་རང་འཕེལ་གྱི་སྙིང་སྟོབས་ལ་བརྟེན་ནས། 2017ལོར་བཙུགས་པའི་འུར་རྡོ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ཏེ་སློབ་ཆེན་སློབ་མའི་རང་བརྟེན་ལས་གཏོད་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནན་ཅིང་ལམ་དུ་གནས་པའི་འུར་རྡོ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིར་ལས་དོན་པ་ཚོ་ལས་ཀར་བྲེལ་བཞིན་མཆིས། འདི་ནི་ནོར་བུའི་ལས་གཏོད་བྱེད་ས་རེད། ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ནོར་བུས་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་རིམ་གྱིས་གླེང་།

    2017ལོར་སློབ་ཆེན་ཐོན་ནས་ལོ་ཕྱེད་སོང་རྗེས། ནོར་བུ་དང་གྲོགས་པོ་བསྟན་འཛིན་ཚེ་རིང་གིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་འུར་རྡོ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་ཐོ་བཀོད་ནས་བཙུགས་ཤིང་། གཙོ་བོ་ཁེ་ལས་དང་། བྱ་གཞག་ཚན་པ། མི་སྒེར་བཅས་ཀྱི་ཇུས་འགོད་དང་། བརྡ་ཆ། མཛེས་བཟོ་བཅས་ཀྱི་ལས་སྒོ་སྣ་ཚོགས་གཉེར་གྱི་ཡོད།

    ཐོག་མར་ཁོ་ཚོའི་གཞུང་ལས་ཁང་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞིར་ཡོད། 2021ལོར་མལ་གྲོ་གུང་དཀར་རྫོང་ནས་ཡིན་པའི་ཁོ་གཉིས་ཀྱིས་ཕ་ཡུལ་དུ་ལོག་པའི་ཐག་བཅད་པ་མ་ཟད། རྫོང་གྲོང་དུ་སྨི་ངོས་གྲུ་100ཙམ་ཡོད་པའི་ཐོག་སོ་གཉིས་ལྡན་གྱི་ཚོང་ཁང་ཞིག་བོགས་མར་བླངས་ནས་ལས་གཏོད་བྱེད་འགོ་ཚུགས་པ་དང་འབྲེལ་རིམ་གྱིས་འཕེལ་རྒྱས་བཏང་། ལས་སྒོའི་མངགས་ཐོ་ཐེངས་དང་པོ་འབྱོར་བ་དེ་ད་དུང་ནོར་བུའི་སེམས་ལ་གཏན་པོར་ངེས་ཡོད།

    སྐབས་དེ་དུས་ང་ཚོ་སློབ་གྲྭ་ཐོན་མ་ཐག་ཡིན་པས་སྒོར་ཁྲི་20ལྷག་ཙམ་གྱི་རྣམ་གྲངས་རག་སྐབས་ཧ་ཅང་དགའ་པོ་བྱུང་ལ། ལས་ཀ་བྱེད་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང་། རྣམ་གྲངས་དེ་ཡག་པོ་བསྒྲུབ་ཆེད་ང་ཚོས་སེམས་ནུས་ཡོད་རྒུ་བཏོན་ནས་ཇུས་འགོད་ལ་བཟོ་བཅོས་ཐེངས་མང་བརྒྱབ་པ་དང་ཐོ་རེངས་ཆུ་ཚོད་གཉིས་པ་གསུམ་པར་སླེབས་ཀྱང་ད་དུང་བཟོ་བཅོས་བརྒྱབ་པ་ཡིན། ཕྱིས་སུ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྣམ་གྲངས་དེ་རག་བྱུང་། རྣམ་གྲངས་ཚར་རྗེས་ཕ་རོལ་པོས་ང་ཚོའི་ལས་ཀར་བསྔགས་བརྗོད་བྱེད་སྐབས་འབད་བརྩོན་ཚང་མ་བྱེད་རིན་འདུག་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་བྱུང་ཞེས་ནོར་བུས་གསར་འགོད་པར་བཤད།

    ཀུང་སིའི་ལས་སྒོ་མང་དུ་ཕྱིན་པས་ཁོ་ཚོས་ས་གནས་དེ་གའི་ཞིང་འབྲོག་པ་4བསྡུས་ནས་མཛེས་བཟོ་རུ་ཁག་བཙུགས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་སློབ་ཆེན་སློབ་མ་བསྡུས་ནས་ཁོ་ཚོར་འཇོན་ཐང་ངོམ་ས་ཤིག་སྤྲད་ཅིང་། 2021ལོར་སློབ་ཆེན་ཐོན་པའི་ཡེ་ཤེས་ཚེ་རིང་ནི་ཁོ་ཚོའི་གྲས་ཤིག་རེད།

    ཐོག་མར་དངོས་སྦྱོང་བྱེད་ཞོར་ལས་སྒོ་སྦྱངས་པ་ཡིན། ལག་རྩལ་མང་པོ་ཤེས་བྱུང་བས་སློབ་གྲྭ་ཐོན་རྗེས་ཐད་ཀར་འདིར་ལས་ཀ་བྱེད་པར་ཡོང་བ་ཡིན། ད་ཆ་ལས་ཀ་འདིར་དགའ་པོ་ཡོད་ལ། ལས་སྒོའང་བྱང་ཆུབ་པོ་ཡོད། ཟླ་རེར་གཏན་འཇགས་གླ་ཕོགས་ཡོད་ལ་ཐོབ་ཆའང་ཡོད། ང་ཡང་མལ་གྲོ་གུང་དཀར་རྫོང་ནས་ཡིན། སྒོ་འགྲམ་ནས་ལས་ཞུགས་ཐུབ་པས་ཧ་ཅང་དགའ་པོ་འདུག་ཅེས་ཡེ་ཤེས་ཚེ་རིང་གིས་གསར་འགོད་པར་བཤད།

    “ལས་གཏོད་ཀྱི་ལམ་བུར་གྲུབ་འབྲས་མང་པོ་ཐོབ་བྱུང་། རང་ཉིད་ལ་བྱ་གཞག་ཡོད་པ་དང་ལྟོ་གོས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པ་མ་ཟད། ཕ་ཡུལ་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་སོང་། གྲུབ་འབྲས་ཆེ་ཤོས་ནི་ལས་གཏོད་ཐད་ཀྱི་ཉམས་མྱོང་ཡིན་པ་དང་གྲོགས་པོའང་མང་པོ་སྒྲིག་ཐུབ་པ་བྱུང་བས་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་ཕྱིན་སོང་། སྔོན་མ་ང་ནི་སེམས་སྦུག་དོག་པས་གཞན་དང་སྐད་ཆ་ཤོད་པར་དེ་ཙམ་དགའ་པོ་མེད། ད་ཆ་གཤིས་ཀ་འགྱུར་ལྡོག་བྱུང་བ་འདི་ལས་གཏོད་དང་ཁ་འབྲལ་ཐབས་མེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།