དབུ་ཤོག>གསར་འགྱུར།
  • བོད་ཀྱི་ས་གནས་དང་སྡེ་ཚན་མང་པོས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-10

    b5d2909d-e1b1-4c0c-84ad-0ec41710a488.jpg.jpg

    འདི་ནི་ཉེ་ཆར་མཚོ་བོད་ཚོགས་པ་ཀུང་སི་ལྷ་ས་ཁུལ་གྱི“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཆོབ་ཚ་བའི་ལུས་རྩལ་བྱེད་སྒོ་གཉེར་ཡུལ་ཡིན་པ།

    “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་དང་སྡེ་ཚན་མང་པོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བུད་མེད་ཀྱི་ཉམས་འགྱུར་མངོན་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    ཟླ་3ཚེས་8ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་འཐུས་མི་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་མཉམ་དུ“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་དགའ་གཏོང་བྱེད་པར་གདན་དྲངས་པ་རེད། ད་རེས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་མཁན་གསུམ་བརྒྱད་དར་དམར་བ་དང་། བྱས་རྗེས་འཇོག་མཁན། ཁྱིམ་ཚང་བཟང་ཤོས་སོགས་བུད་མེད་ཀྱི་ཕུལ་བྱུང་འཐུས་མི་དང་ད་དུང་གཞི་རིམ་གྱི་བུད་མེད་དང་། དཀའ་ངལ་ཡོད་པའི་བུད་མེད། ཕྱོགས་མི་བུད་མེད། བུད་མེད་དང་བླངས་པ། ཁྱིམ་ལས་ཞབས་ཞུ་བ། བུད་མེད་མྱུར་སྐྱེལ་བ་སོགས་བུད་མེད་ཀྱི་འཐུས་མི་ཁྱོན་60ལྷག་ཙམ་ཡོད་པ་རེད།

    བུད་མེད་ཀྱི་འཐུས་མི་ཚོས་ཅི་འཕྲོས་མོལ་འཕྲོས་བཤད་ནས“རྒྱལ་ཁབ་དང་ཁྱིམ་ཚང་མཛེས། ང་ཡིས་འབད་བརྩོན་ལྷོད་མེད་བྱེད”དང“ང་ཡི་ཕ་ཡུལ་མཛེས་སྡུག་ལྡན”ཞེས་པའི་དྲིལ་བསྒྲགས་པར་གཞི་མཉམ་དུ་བལྟས་པ་དང་ཆབས་ཅིག་མེ་ཏོག་འདེབས་སྟངས་དང་སྲེ་སྟངས་གསོ་སྦྱོང་བྱས་པ་རེད། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཚེ་རིང་གཡང་འཛོམས་ཀྱིས། ལས་རིགས་ཁག་གི་ལོ་ན་མི་འདྲ་བའི་བུད་མེད་ཀྱི་འཐུས་མི་ཚོས་རང་ལྗོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་ཏེ་སྤྱིར་བཏང་གི་ལས་གནས་སུ་ལེགས་སྐྱེས་ཕུལ་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་གནམ་ཕྱེད་ཀ་བཏེགས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་བརྒྱུད་རིམ་ནང་ཐོག་མའི་བསམ་འདུན་མ་བརྗེད་པར་དཔའ་ངར་ཆེན་པོས་འགན་འཁྲི་ཁུར་བའི་དུས་རབས་གསར་པའི་བོད་ཀྱི་བུད་མེད་ཀྱི་ཉམས་འགྱུར་མངོན་ཡོད་ཅེས་གསུངས་པ་རེད།

    ཟླ་3ཚེས་8ཉིན། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས“མཐའ་མཚམས་བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་དྲིན་ཚོར་འབད་འབུངས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཤེས་བྱའི་འགྲན་བསྡུར་དང་ཤོག་ཕོར་ནང་ཆུ་བླུགས་ནས་སྤྲོད་རེས་བྱེད་པ་སོགས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མི་སྒེར་དང་ཚོགས་པའི་འགྲན་བསྡུར་གྱི་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་བ་དང་བུད་མེད་ལས་བྱེད་པ་དང་ལས་བཟོ་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་ལས། བུད་མེད་ལས་བྱེད་པ་དང་ལས་བཟོའི་མཐུན་སྒྲིལ་འབད་འཐབ་དང་། དཔའ་ངར་ཆེར་སྐྱེད། འབད་འབུངས་ཡར་བརྩོན་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་རེད།

    ཟླ་3ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཆོབ་ཚ་བའི་ལུས་རྩལ་འགྲན་ཚོགས་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་བུད་མེད་དགེ་རྒན་ལས་བཟོ་ཕིང་ཕང་སྤོ་ལོ་འཛིན་པ་དང་། མིག་བཀབ་ནས་རྔ་རྡུང་བ། ཐེ་པེད་རྒྱག་པ། ལག་གཡུགས་བྲོ་འཁྲབ་པ་སོགས་ཆོབ་ཚ་བའི་རོལ་རྩེད་ལ་ཞུགས་པ་ལས་བུད་མེད་དགེ་རྒན་ལས་བཟོའི་ལུས་ཤེད་དང་བློ་གྲོས་ལ་ཚོད་བགམ་ཐེག་པ་མ་ཟད། ད་དུང་མཉམ་ལས་ནུས་པར་ཡང་སྦྱོང་བརྡར་ཐེབས་ནས་ཚོགས་པའི་གོང་བུ་སྒྲིལ་ཤུགས་ཆེ་རུ་ཕྱིན་པ་དང་། བུད་མེད་དགེ་རྒན་ལས་བཟོས་སྤྲོ་སེམས་དེ་བས་ཆེན་པོས་ལས་ཀར་ཞུགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པ་དང་ལུས་རྩལ་སྟོབས་ཆེའི་ལྗོངས་སྐྲུན་ཆེད“གནམ་ཕྱེད་ཀའི”སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་ལྕག་སྐུལ་ཡང་ཐེབས་པ་རེད།

    ཟླ་3ཚེས་7ཉིན། མེ་ཏོག་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་འཛུགས་སྐྱོང་གིས་བུད་མེད་ལ་ཁྲིད་སྟོན་བྱེད་པ་དང་དཔེ་གསར་འཚོ་བས་ཉམས་འགྱུར་མངོན”ཞེས་པའི་སྒྱུ་རྩལ་མེ་ཏོག་སྲེ་བའི་བྱེད་སྒོ་སྤེལ་ནས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་བསུས་པ་རེད། བྱེད་སྒོ་སྤེལ་རིང་། མེ་ཏོག་སྲེ་མཁན་དགེ་རྒན་གྱིས་མེ་ཏོག་སྲེ་བའི་རྨང་གཞིའི་ཤེས་བྱ་དང་དོ་སྣང་བྱེད་དགོས་པའི་དོན་གནད་བསླབས་པ་དང་། བྱེད་སྒོར་ཞུགས་མཁན་ལས་བྱེད་ལས་བཟོས་ཧུར་ཐག་ཞུགས་ནས་མེ་ཏོག་སྲེ་སྟངས་སྦྱངས་པ་རེད། ཚང་མས། བྱེད་སྒོ་འདི་རིགས་སྤེལ་ན་དོན་སྙིང་ཆེན་པོ་ལྡན་ཞིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སེམས་ཁུར་དང་མཐོང་ཆེན་ཚོར་བ་མ་ཟད། ད་དུང་ཚང་མའི་ལས་ཞོར་འཚོ་བའང་ཕུན་སུམ་ཚོགས་སུ་སོང་ནས་མཛེས་སྡུག་མྱོང་རོལ་གྱི་ནུས་པའང་ཆེ་རུ་གཏོང་ཐུབ་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཉིན་ཤས་གོང་། རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བུད་མེད་ཀྱི་ཉམས་འགྱུར་ངོམ་ཞིང་། རིན་སྤུངས་རྫོང་གིས་གཉེར་བའི“ཏང་གི་ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་བུད་མེད་ཀྱི་ཉམས་འགྱུར་ངོམ”ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ནང་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱི་བུད་མེད་ཉེན་རྟོག་པའི་འཐུས་མི་ཧུར་ཐག་ཞུགས་ཤིང་། ཁོང་ཚོས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་མི་སྒེར་གྱི་རང་འཁྲིའི་ལས་འགན་དང་ཟུང་འབྲེལ་གྱིས་བབ་ཆགས་ཀྱི་སྐད་ཆ་དང་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་གསོན་ཉམས་དོད་པོས་གཏམ་བཤད་བྱས་ཏེ་དུས་རབས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་པར་དགའ་བསུ་ཆེན་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།