དབུ་ཤོག>གསར་འགྱུར།
  • 《ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-01

     ཚེས་27ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 《ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་ཁྲིམས་འཛུགས་བརྒྱུད་རིམ་དང་ནང་དོན་གཙོ་བོ་ངོ་སྤྲོད་བྱས་པ་རེད། 《སྲོལ་ཡིག》ནང་ནོར་ཁྲལ་གྱི་རྒྱབ་སྐྱོར་དང་། མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད། ལས་གཏོད་རོགས་སྐྱོར། གསར་གཏོད་ལ་རྒྱབ་སྐྱོར། ཁྲོམ་ར་རྒྱ་སྐྱེད། ཞབས་འདེགས་ཞུ་ཐབས། ཁེ་དབང་སྲུང་སྐྱོང་། ལྟ་སྐུལ་ཞིབ་བཤེར་སོགས་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་དང་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་ཀྱི་ཡོད་པ་རེད།

    ནོར་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་མངོན་གསལ་དོད་པོ་ཡོང་བའི་ཐད། 《སྲོལ་ཡིག》ནང་ནོར་ཁྲལ་སྲིད་ཇུས་ཀྱིས་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་དང་ནོར་སྲིད་མ་དངུལ་གྱི་སྟོན་ཕྱོགས་ནུས་པ་འདོན་དགོས་པ་ཁ་གསལ་བཏོན་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གནས་ཚུལ་དངོས་ལ་གཞིགས་ཏེ་རིམ་པ་དེ་གའི་སྔོན་རྩིས་ནང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཐད་སྤྱོད་པའི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་གཙོ་གནད་རྒྱབ་སྐྱོར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཆེད་སྤྱོད་མ་དངུལ་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་གྲས་ལ་ཕྱོགས་དགོས་པ་ཁ་གསལ་བཟོས་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་སྒྱུར་དང་། ནོར་སྲིད། ཁྲལ་དོན་བཅས་སྡེ་ཚན་གྱིས་སྤྱི་ཚོགས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་འཛིན་དང་བྱ་གཞག་གི་གྲོན་བསྡུ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ནོར་སྲིད་བྱ་དགའ་སྤྲོད་པ། ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་འབབ་ཁྲལ་དང་གནས་ཐང་འཕར་ཁྲལ་བསྡུ་འགྱངས་དང་། ཉུང་འཕྲི། རྩ་ཆག་གཏོང་བ་བཅས་བྱེད་དགོས།

    མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་མངོན་གསལ་དོད་པོས་སེལ་བའི་ཐད། 《སྲོལ་ཡིག》ནང་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་འདེགས་ལ་སྐུལ་འདེད་གཏོང་བའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་པ་སྟེ། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་དང་བསྡུར་ཚད་མང་དུ་གཏོང་བར་ཁྲིད་སྟོན་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་དང་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་བྱས་ནས་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞིས་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་བའི་འཆར་གཞི་ལོགས་སུ་བཟོ་བར་ཁྲིད་སྟོན་བྱས་ནས་ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་དང་འཚམ་པའི་ཡིད་རྟོན་ལམ་ལུགས་བཙུགས་ཏེ་ཁྲོམ་རའི་མདུན་ལམ་བཟང་བ་དང་གཉེར་སྐྱོང་ཡིད་རྟོན་ཡོད་རུང་གནས་སྐབས་དཀའ་ངལ་ཡོད་པའི་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར། སྲིད་གཞུང་དང་། དངུལ་རྩའི་སྒྲིག་གཞི། ཁེ་ལས་འབྲིང་ཆུང་བཅས་ཕྱོགས་གསུམ་གྱི་གྲོས་མོལ་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་བཙུགས་ནས་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་གནད་དོན་ལ་ཞིབ་འཇུག་དང་། མཐུན་སྦྱོར། ཐག་གཅོད་བཅས་བྱས་ཏེ། ཐོན་ལས་དང་དངུལ་རྩའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒྲིག་གཞིས་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཞབས་འདེགས་གཙོ་གནད་མཁོ་འདོན་དང་། དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་ལ་བསྡུ་དགོས་པའི་རྩིས་ཁྲའི་དངུལ་གྲངས་དང་། ཤེས་བྱའི་བདག་དབང་། བོགས་གཏོང་དབང་ཆ། རྐང་དབང་། མངགས་ཐོ། འཕྲུལ་ཆས་སོགས་ཁག་ཐེག་དངོས་ཟོག་གི་ཁག་ཐེག་དང་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར། ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་གིས་ཁྲོམ་རར་བཏོན་ནས་སྒོ་བྱང་འགེལ་བ་དང་། བུན་འཛིན་འགྲེམས་པ། རྐང་དབང་མ་དངུལ་བསྡུ་སྒྲིལ་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཁས་བླངས་པའི་བྱེད་ཐབས་ལ་བརྟེན་ནས་ཐད་ཀར་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བཅས་བྱེད་དགོས།

    ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་མངོན་གསལ་དོད་པོ་བྱེད་པའི་ཐད། 《སྲོལ་ཡིག》ནང་ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལས་གཏོད་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་པ་སྟེ། གཅིག་ནས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་རྟེན་གཞི་དང་། ཀུན་གཏོད་བར་མཐོངས། སྐྱོང་གསོའི་རྟེན་གཞི་སོགས་ལས་གཏོད་གསར་གཏོད་ཀྱི་གཞི་རྟེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ས་ཆ་དང་། གནས་ཡུལ། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་འདེགས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་མ་དངུལ་གྱི་རོགས་སྐྱོར་བྱེད་པ་དང་། སྔོན་ལ་བོགས་མར་གཏོང་བ་དང་རྗེས་སུ་ནང་བཤུག་གཏོང་བ། བོགས་མར་གཏོང་བ་དང་ནང་བཤུག་གཏོང་བ་ཟུང་འབྲེལ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་གཞི་རྟེན་དང་འཚར་ལོངས་ཀྱི་རྣམ་པ་དང་གསར་གཏོད་ཀྱི་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་མཁོ་བའི་ས་ཆ་འགན་ལེན། ཚོང་ལས་ལ་སྤྱོད་པའི་བེད་མེད་ཁང་པ་དང་། བཟོ་ལས་ལ་སྤྱོད་པའི་བཟོ་ཁང་། ཁེ་ལས་ཀྱི་མཛོད་ཁང་། ཟོག་འགྲེམས་ཀྱི་སྒྲིག་བཀོད་སོགས་བེད་སྤྱོད་ལ་རྒྱབ་སྐྱོར་བྱས་ནས་ཁེ་ལས་འབྲིང་ཆུང་གི་ལས་གཏོད་པར་མ་གནས་དམའ་བའི་ཐོན་སྐྱེད་གཉེར་སྐྱོང་བྱེད་ས་མཁོ་འདོན་བྱེད་དགོས། གཉིས་ནས་ཁེ་ལས་འབྲིང་ཆུང་གིས་ཁྲོམ་རའི་དགོས་མཁོ་ལྟར་ལག་རྩལ་དང་། ཐོན་རྫས། དོ་དམ་བྱེད་སྟངས། ཚོང་ལས་རྣམ་པ་སོགས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་འབྲིང་ཆུང་ཆེད་ལས་ཅན་དང་། ཞིབ་ཕྲ་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་བཅས་ཀྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས། གསུམ་ནས་ཁེ་ལས་འབྲིང་ཆུང་ལ་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་དང་། གསར་སྤེལ། དབང་བ་བཅས་ལ་ལྕག་སྐུལ་དང་། ཁེ་ལས་འབྲིང་ཆུང་གིས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་དང་། སྦགས་བཙོག་མེད་པའི་ཐོན་སྐྱེད། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་སོགས་ཀྱི་ལག་རྩལ་སྒྱུར་བཀོད་དང་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། བཞི་ནས་ཚན་ཞིབ་སྒྲིག་གཞི་དང་མཐོ་རིམ་སློབ་གླིང་དང་སློབ་གྲྭས་ཁེ་ལས་འབྲིང་ཆུང་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་བ་དང་། ཚན་ཞིབ་སྒྲིག་གཞི་དང་། མཐོ་རིམ་སློབ་གླིང་དང་སློབ་གྲྭ ཁེ་ལས་ཆེ་གྲས་བཅས་ཀྱིས་ཚན་རིག་གི་དཔྱད་ཆས་དང་ཚན་རིག་གི་གྲངས་གཞི་སོགས་ཚན་རྩལ་གྱི་ཐོན་ཁུངས་ཁེ་ལས་འབྲིང་ཆུང་ལ་སྒོ་དབྱེ་མཉམ་སྤྱོད་བྱེད་པར་ལྕག་སྐུལ་བྱེད་དགོས།

    ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་མངོན་གསལ་དོད་པོར་བྱེད་པའི་ཐད། 《སྲོལ་ཡིག》ནང་མ་དངུལ་འགྱངས་ཆད་དང་། ཁེ་ལས་དང་འབྲེལ་བའི་ཞིབ་བཤེར། ཁ་དན་ཚིག་གནས་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་པ་སྟེ། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་གི་དངོས་ཟོག་དང་། ལས་གྲྭ ཞབས་ཞུའི་གྲོན་དངུལ་བཅས་ཁ་ཆད་ལས་འགལ་བ་དང་འགྱངས་ཆད་བྱ་མི་རུང་། ཚན་པ་གང་རུང་ཞིག་གིས་ཀྱང་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་ལ་བཙན་ཤེད་ཀྱིས་ཞལ་འདེབས་རྒྱག་ཏུ་འཇུག་པ་དང་། དཔེ་དེབ་དང་། དུས་དེབ། ཚགས་པར། སྒྲ་བརྙན་ཐོན་རྫས་བཅས་མངགས་ཉོ་བྱེད་དུ་འཇུག་པ། ཚོགས་པར་ཞུགས་སུ་འཇུག་པ། དམིགས་འཛུགས་ཐོན་རྫས་ཉོ་རུ་འཇུག་པའམ་ཡང་ན་དམིགས་འཛུགས་ཞབས་འདེགས་དང་ལེན་བྱེད་དུ་འཇུག་པ་བཅས་བྱ་མི་ཆོག སྲིད་འཛིན་དང་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་གསལ་ཐོ་དང་། སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་པའི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་གསལ་ཐོ་བཟོ་བ་དང་ཡོངས་བསྒྲགས་བྱས་ནས། ཁེ་ལས་འབྲིང་ཆུང་གི་གྲོན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཁེ་ལས་འབྲིང་ཆུང་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞི་འཛིན་དགོས་པ་དང་། ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་གཞིགས་ནས་ནན་པོ་འཛིན་དགོས་པ་མ་ཟད། སྐབས་བསྟུན་འཐེན་བཤེར་ལམ་སྲོལ་ཡང་འཛུགས་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་འབྲིང་ཆུང་ལ་ཁྲིམས་ལྟར་སྲིད་ཇུས་ནས་ཁས་ལེན་བྱེད་པ་དང་དེ་བཞིན་ཁྲིམས་ལྟར་བཞག་པའི་གན་རྒྱ་སྣ་ཚོགས་ལག་བསྟར་བྱེད་དགོས་པ་ལས། སྲིད་འཛིན་ས་ཁོངས་ལེགས་སྒྲིག་དང་། སྲིད་གཞུང་གི་སྐབས་བརྗེ། སྒྲིག་གཞིའམ་ཡང་ན་འགན་ནུས་ལེགས་སྒྲིག དེ་བཞིན་འབྲེལ་ཡོད་འགན་འཁུར་བ་བརྗེ་བ་སོགས་ལ་ཁ་གཡར་ནས་ཁ་ཆད་དང་གན་རྒྱ་རྩིས་མེད་དུ་གཏོང་མི་རུང་།

    《སྲོལ་ཡིག》ལག་བསྟར་ཡག་པོ་ཐུབ་ཆེད། རང་ལྗོངས་ཀྱིས་སྲིད་གཞུང་གི་འགན་ནུས་ཀྱི་ངེས་གནས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཁྲིད་སྟོན་དང་། ཚད་ལྡན། འགན་ལེན་བཅས་ཀྱི་ཐད་ནུས་པ་བཏོན་ཏེ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་དང་དུས་མཚུངས། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས《སྲོལ་ཡིག》དྲིལ་བསྒྲགས་དང་། 《སྲོལ་ཡིག》གི་ཞིབ་སྲོལ་གང་མགྱོགས་ཞིབ་འཇུག་བྱས་ཏེ་འདོན་པ། 《སྲོལ་ཡིག》ཇི་མ་ཇི་བཞིན་ལག་བསྟར། ལག་བསྟར་བདེ་བླག་ཡོད་པ། རྫུན་བཟོ་མི་བྱེད་པ་བཅས་ཀྱི་འགན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།