དབུ་ཤོག
  • ཕྲུ་གུ་གསུམ་པ་སྐྱེས་ཚེ་སྲིད་ཇུས་འདི་དག་ལོངས་སུ་སྤྱོད་ཆོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-28

    ཉིན་ཤས་གོང་། རང་ལྗོངས་ཀྱིས《〈བུ་བཙའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དོ་མཉམ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་འགན་འཁྲིའི་སྡེ་ཚན་ཁག་གིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ལས་ཀའི་བྱེད་ཐབས་ཁག་བགོས་དང་ཞིབ་ཚགས་བཟོ་བ་དང་། སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་པ། ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྲིད་ཇུས་ལག་བསྟར་བརྟན་པོ་དང་གོ་རིམ་ལྡན་པའི་ངང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

    《ལག་བསྟར་ཇུས་གཞི》ཡི་ནང་། ཕྲུ་གུ་གསུམ་པ་སྐྱེ་བའི་བུ་བཙའི་སྲིད་ཇུས་བརྟན་པོའི་ངང་ལག་ལེན་བསྟར་བ་དང་། ལེགས་བཙའ་ལེགས་གསོའི་ཞབས་འདེགས་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། ཀུན་ཕན་བུ་བཅོལ་ཞབས་འདེགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། བུ་བཙའི་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དེ་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཡོང་བར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་བྱ་ཐབས་ཁག་19བཏོན་ཡོད་པ་རེད། དེའི་ནང་བོད་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ་འཐུས་སྒོ་ཚང་བའི་གཟིགས་སྐྱོང་བྱ་ཐབས་བཟོས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་དང་ཚན་པ་ཁག་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཁུངས་དང་བྱ་གཞག་ཚན་པའི་བུད་མེད་ལས་བཟོས་ཕྲུ་གུ་གསུམ་པའི་བཙས་གསོས་ངལ་གསོ་དང་། དེའི་བཟའ་ཟླའི་བང་གཡོག་ངལ་གསོ་དང་བྱིས་པ་སྐྱོང་བའི་ངལ་གསོའི་སྲིད་ཇུས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་བཟོ་དགོས་པ་མ་ཟད། དོན་འཁྱོལ་ནན་པོ་བྱེད་དགོས། ལས་བྱེད་ལས་བཟོར་ཕྲུ་གུ་གསུམ་པ་སྐྱེས་ན་ཕོགས་ཡོད་ངལ་གསོ་ལོ་གཅིག་རྒྱག་ཆོག་ཅིང་། ས་བབ་སྨི་4000ཡན་གྱི་ས་ཁུལ་ལམ་ཡང་ན་མཐའ་མཚམས་རྫོང་དུ་ལས་ཀ་བྱེད་མཁན་ལས་བྱེད་ལས་བཟོས་ཕྲུ་གུ་གསུམ་པ་སྐྱེས་ན་བཙས་གསོ་ངལ་གསོ་ལོ་གཅིག་དང་ལོ་ཕྱེད(རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་བཙས་གསོས་ངལ་གསོ་ཚུད)རྒྱག་ཆོག་པ་དང་བཟའ་ཟླས་བང་གཡོག་ངལ་གསོ་ཉིན་སུམ་ཅུ(ལོ་འཁོར་གྱི་འཁོར་ཤག་ནང་ཚུད་མེད)རྒྱག་ཆོག་གི་ཡོད། ལས་བྱེད་ལས་བཟོས་གཏན་འབེབས་ལྟར་ཕྲུ་གུ་བཙས་ན། ཕྲུ་གུ་ལོ་གསུམ་མ་ལོན་གོང་ཁྱོ་ཤུག་གཉིས་ཀས་ལོ་རེར་བྱིས་པ་སྐྱོང་བའི་ངལ་གསོ་ཉིན་15རྒྱག་ཆོག་གི་འདུག

    ལས་ཁུངས་དང་བྱ་གཞག་ཚན་པའི་བུད་མེད་ལས་བཟོས་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་བཙས་གསོས་ངལ་གསོའི་རིང་ལས་གནས་ཀྱི་ཕོགས་སྣོན་ཕུད་པའི་དེ་མིན་གྱི་གླ་ཕོགས་དང་ལོ་དེའི་འཁོར་ཞག་སོགས་ཀྱི་ཕན་བདེ(འཁོར་ཞག་ལམ་གྲོན་ཚུད)ལོངས་སུ་སྤྱད་ཆོག བཙས་གསོས་ངལ་གསོའི་རིང་ལོ་འཁོར་དེ་གའི་དཔྱད་ཞིབ་ཚད་ལོན་པར་བརྩི་བ་དང་རྒྱུན་གཏན་གྱི་གོ་གནས་སྤོར་བའི་སྲིད་ཇུས་དང་ལོ་མཇུག་གི་སྤྲོད་ཐེངས་གཅིག་གྱི་བྱ་དགའི་དངུལ་གྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག བུ་བཙའི་འགན་བཅོལ་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་བུ་བཙའི་འགན་བཅོལ་ལ་ཞུགས་པའི་ལས་བཟོས་ཕྲུ་གུ་གསུམ་པ་སྐྱེས་པའི་འགྲོ་གྲོན་བུ་བཙའི་འགན་བཅོལ་གྱི་ཐོབ་ཐང་གི་ཁྱབ་ཁོངས་སུ་བཅུག་ནས་གཏན་འབེབས་ལྟར་བུ་བཙའི་སྨན་བཅོས་འགྲོ་གྲོན་དང་བུ་བཙའི་ཕོགས་སྣོན་ཐོབ་ཐང་དུས་ཐོག་དང་གྲངས་ཚང་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    གཞན་ཡང《ལག་བསྟར་ཇུས་གཞི》ཡི་ནང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་བུ་བཅོལ་ཞབས་འདེགས་འཛུགས་སྐྱོང་དམངས་འཚོའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས། གཞུང་བཙུགས་བུ་བཅོལ་ཞབས་འདེགས་སྒྲིག་གཞི་ཁག་གཅིག་གསར་འཛུགས་སམ་ཡང་ན་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་དགོས། ཆ་རྐྱེན་འཛོམས་པའི་བུ་བཅོལ་ཁང་གིས་ད་ཡོད་ཀྱི་ཐོན་ཁུངས་སྤྱད་དེ་ལོ་2ནས་3བར་གྱི་བྱིས་པ་བསྡུ་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས། བུ་བཙར་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུ་དང་སྡོད་ཁང་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།