དབུ་ཤོག>གསར་འགྱུར།
  • “ཁྱད་ལྡན་ཡུལ་ཟོག”ལས་དོན་ལེགས་པར་བསྒྲུབས་ནས་མིང་བྱང་གྲགས་ཅན་ཧུར་ཐག་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-28

    ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པས་ཐོན་ལས་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས“ཁྱད་ལྡན་ཡུལ་ཟོག”ལས་དོན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།

    འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ། རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་འཚོལ་ཞིབ་ཟམ་མི་ཆད་པར་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་འཆར་གཞི་ཡག་པོ་མང་པོ་བཀོད་ཡོད།

    ཁྱད་ལྡན་ཐོན་ལས་ཀྱི་མིང་བྱང་ཇེ་གསལ་དུ་བཏང་བ།

    ནས་ནི་བོད་ཀྱི་ལེགས་ཆ་ལྡན་པའི་ཞིང་ལས་ལོ་ཏོག་གཙོ་བོ་ཡིན་ལ། ཞིང་འབྲོག་པར་འབབ་འཕར་བྱུང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། སྟོན་བསྡུའི་ནམ་དུས་འཆར་རིམ་བཞིན་ཞིང་ནང་དང་མུ་ཁ། དེ་བཞིན་སྒོ་ར་བཅས་ནས་དབོར་འདྲེན་གྱི་ལས་ལ་བྲེལ་བའི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ས་གཙང་སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་གླིང་དུ་འགྱིག་ཤོག་དྲོད་ཁང་ཆེན་པོ་རེ་རེ་བཞིན་ཡུག་གཅིག་ཏུ་འབྲེལ་ཞིང་། ལྷག་པ་སྒྲོལ་མས་ཞོགས་པ་སྔ་པོ་ནས་འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་གི་སུར་པན་དང་ལ་ཕུག་སོགས་སྔོ་ཚལ་ལ་ཆུ་གཏོང་འགོ་ཚུགས། ལོ་3ལྷག་ཙམ་ལག་ལེན་ཟམ་མི་ཆད་པར་བསྟར་ནས་ཕག་ཤ་དང་དེ་བཞིན་དེའི་ཐོན་རྫས་ཕྱིར་ཚོང་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཕག་གསོ་ཚགས་ཐོན་ལས་ལ་བརྟེན་ནས་མང་ཚོགས་དང་ཁེ་ལས་ལ་ཡོང་འབབ་སྒོར་དུང་ཕྱུར་15.6ཡོང་བར་སྐུལ་ཁྲིད་བྱས་པ་དང་། དེའི་ནང་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་12ལྷག་ཙམ་བྱུང་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་ནི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ཞིང་། འདས་ཟིན་པའི་ལོ་གཅིག་ནང་། རང་ལྗོངས་ཀྱིས་ནས་དང་། འབྲི་གཡག བོད་ལུག སྔོ་ཚལ། དཀར་ཆུའི་ཐོན་ལས། གཟན་རྩྭ། བོད་ཕག བོད་བྱ། ཇ་ལོ། རྒུན་འབྲུམ་བཅས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཆེ་གྲས་བཅུ་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། སྣེ་འདྲེན་ཁེ་ལས་ཡིག་ཐོག་སྙན་ཞུ་འབུལ་བ་དང་གཏན་འཁེལ་བྱེད་པ་དང་། ཞིང་འབྲོག་པའི་མཉམ་ལས་ཁང་ཚད་ལྡན་མཐོར་གཏོང་གི་བྱ་སྤྱོད་སྤེལ་བ། ཁྱིམ་ཚང་ཞིང་འབྲོག་རའི་དཔེ་སྟོན་སྐྱེད་སྲིང་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བ་བརྒྱུད་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་ཐུབ་ཡོད།

    ད་ཆ། རང་ལྗོངས་ཀྱི་ལེགས་ཆའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་མིང་བྱང་ཇེ་གསལ་དུ་སོང་ཡོད་ལ། འབྲེལ་ཡོད་གྲོང་གསེབ་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད། 2022ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་འབྲོག་ར་བཅས་165དང་། 12015 9266བཅས་སོ་སོར་ཟིན་ཡོད། རིམ་རྩིས་བྱས་ན་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོ་འདུས་4དང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་7 ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་18 ཞིང་ལས་དེང་རབས་ཅན་དཔེ་སྟོན་ཁུལ་5བཅས་འཛུགས་གཏོད་བྱེད་པར་ཆོག་མཆན་ཐོབ་ཡོད། རང་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་པོ“བོད་ཀྱི་ནས”ཁྱབ་བསྒྲགས་བྱས་ཡོད། བོད་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་ཁས་ལེན་ལས་དོན་སྤེལ་བ་བརྒྱུད། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་བསྡོམས་འབོར་1315ཟིན་པ་དང་301གསར་དུ་འཕར་ཡོད།

    རང་ཡུལ་གྱི་ཐོན་ཁུངས་ལེགས་ཆ་ཡག་པོ་སྤྱད་པ།

    དཔྱིད་ཀ་ཤར་ནས་ཡུན་རིང་མ་སོང་བར་ཉིང་ཁྲིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་འགོ་ཚུགས་ཤིང་། སྐབས་ཤིག་རིང་ཉིང་ཁྲིའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཞིང་དུད་སྤྲོ་སྐྱིད་ཁང་སོགས་སུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཡོད།

    “ཟླ་བ་གསུམ་པ་དང་བཞི་པར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་སྐབས་ཡུལ་ལྗོངས་མཛེས་ཤོས་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཚེ་གཡང་གིས་དགའ་ཚོར་ཆེན་པོས་བརྗོད།

    ཁམ་བུའི་མེ་ཏོག་དུས་ཆེན་ནི་ཉིང་ཁྲིའི་ཡུལ་སྐོར་གྱི་སྤུས་རྟགས་ཆེན་པོ་ཞིག་ཡིན་ཞིང་། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་ཀ་ལ་གྲོང་ཚོས“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་གྲོང་ཚོ་དང་མཛེས་ལྗོངས་གཞི་གཅིག་ཏུ་སྒྲིལ་བའི”བསམ་ཕྱོགས་ལ་བརྟེན་ནས“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་ཧུར་ཐག་བཏོད་དེ། ཁམ་བུའི་མེ་ཏོག་ལྡུམ་རྭ་གཅིག་གྱུར་གཉེར་སྐྱོང་བྱེད་པ་དང་ཡུལ་སྐོར་བའི་སྣེ་ལེན་ས་ཚིགས་བཙུགས་ནས་མི་ཕྱུགས་ལོགས་དབྱེ་དང་། ནགས་བཟོ་སྔོ་འགྱུར། སྒོ་ར་སྒྱུར་བཀོད། ཨར་འདམ་ལམ་བཟོ་སོགས་ཀྱི་ལས་གྲྭར་རིམ་བཞིན་སྐུལ་འདེད་བཏང་ནས། གྲོང་ཚོ་ནས་མཛེས་ལྗོངས་ཁུལ་བར་འགྱུར་ལྡོག་ཡག་པོ་ཡོང་བར་བྱས་ཡོད། ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཡུལ་སྐོར་ཡོང་འབབ་ལོ་རེ་བཞིན་འཕར་སྣོན་བྱུང་བས། ཡུལ་མིར“ཡུལ་སྐོར་ཡོང་འབབ”བྱུང་སྟེ་ཕྱུག་འགྱུར་ལམ་བུར་སྐྱོད་འགོ་ཚུགས་ཡོད།

    ལྷོ་ཁ་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ལྷ་མོའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་བརྡ་རྟགས་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ཏེ། བོད་མིའི་འབྱུང་ཁུངས་རིག་གནས་དང་དམངས་སྲོལ་ཡུལ་སྐོར་སོགས་སྤུས་རྟགས་འབོར་ཆེན་བཏོད་ཡོད། ཁོར་ཡུག་མཛེས་སུ་ཕྱིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་འཕེལ་ནས་ཡུལ་མིའི་ཡོང་འབབ་མང་དུ་ཕྱིན་ཡོད། ད་ཆ་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་བལྟ་རྒྱུ་དེ་ཡུལ་སྐོར་བས་བལྟ་དགོས་ངེས་ཀྱི་གཟིགས་མོ་ཞིག་ཏུ་གྱུར་ཡོད།

    དུས་རབས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་ནི་ཞིང་ལས་ཁོ་ན་བྱེད་ས་ཞིག་མ་ཡིན་པར། དེའི་དཔལ་འབྱོར་གྱི་རིན་ཐང་དང་། སྐྱེ་ཁམས་ཀྱི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་། རིག་གནས་ཀྱི་རིན་ཐང་བཅས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། སླད་ཕྱིན་རང་ལྗོངས་ཀྱིས་ལེགས་ཆའི་ཐོན་ཁུངས་ལ་མུ་མཐུད་གཞི་ཚུགས་ཏེ་རང་ངོས་འཕེལ་རྒྱས་དང་འཚམ་པའི“ཡུལ་གྱི་ཁྱད་ལྡན”ལམ་ཐིག་འཚོལ་ཞིབ་ཟམ་མི་ཆད་པར་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    ད་ཆ་ཞིང་ལས་ལག་རྩལ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ནས་ལ“འགྱུར་ལྡོག”ཕྱིན་ཏེ་ཐོན་འབབ་དེ་བས་མཐོ་བ་དང་འཚོ་བཅུད་དེ་བས་ཆེ་བར་གྱུར་པ་མ་ཟད། ལས་སྣོན་བྱས་པའི་བཟའ་བཅའི་རིགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། 2022ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ནས་ལས་སྣོན་ཁེ་ལས་53ཟིན་ཡོད།

    2021ལོའི་ལོ་འགོར། གམ་པ་རྫོང་སྲིད་གཞུང་དང་བོད་ལྗོངས་སའི་གོ་ལའི་གླིང་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འཐབ་ཇུས་མཉམ་ལས་བྱས་ནས་གམ་པའི་ལུག་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཁུངས་འདེད་མ་ལག་དང་། ཚད་གཞིའི་མ་ལག ཐོན་ཚད་ཚོད་འཛིན་མ་ལག བྲིན་ཚོང་ཐབས་ལམ་སོགས་མཉམ་དུ་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། 2022ལོར་གམ་པའི་ལུག་གི་ཐོན་རྫས་དྲ་ཐོག་ཚོང་དོན་ལས་སྟེགས་ནས་དངོས་སུ་འཚོང་འགོ་ཚུགས་པར་དགའ་བསུ་ཆེན་པོ་ཐོབ་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པའི་ངོས་ནས་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བར་ཕུགས་ལ་དམིགས་ན་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་དགོས་ངེས་རེད།

    “ད་ཆ་ང་ཚོས་ཁྱིམ་ནས་བེ་ཤ་བཙོངས་པ་ནི་དེ་སྔོན་རྨི་ལམ་དུའང་འཁོར་མ་མྱོང་པའི་བྱ་བ་བཟང་པོ་ཞིག་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་ཡུལ་མི་སྒྲོལ་མ་གཡང་འཛོམས་ཀྱིས་བརྗོད།

    ད་ཆ་བོད་ཀྱི་སྤུས་ལེགས་ཚགས་ཤ་དང་ལུག་ཤ་སོས་པ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ། ཉིང་ཁྲིའི་བེ་ཤ་སོགས་ས་མཐོའི་ཐོན་རྫས་རྒྱུན་ཆད་མེད་པར་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་བཞིན་ཡོད་ལ། དེ་བས་ཆེ་བའི་ཁྲོམ་རར་ཞུགས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།