དབུ་ཤོག>གསར་འགྱུར།
  • བྲེག་རྩལ་བཟང་བའི་བཟོ་བོའི་སེམས། ཐོག་མའི་བསམ་འདུན་བརྗེད་མི་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-25

    “གལ་སྲིད་ཁྱེད་རང་ཁྱིམ་དུ་ལོག་རྗེས་སྐྲའི་བཟོ་ལྟ་ཡག་པོ་བྱུང་མི་འདུག་སྙམ་ཚེ། ཉིན་3ནས་5ཡི་ནང་ཚུན་དུ་ཡང་བསྐྱར་བཟོ་བར་ཡོང་ཆོག་ལ། ཁྱེད་རང་བློ་ཡིད་མ་ཚིམ་བར་དུ་ངས་ཞབས་འདེགས་ཞུ་གི་ཡིན”ཞེས་འདི་ལོ་ལོ་38ལ་སླེབས་པའི་སྐྲ་མཁན་ཕཱང་པོས་སྐུ་མགྲོན་ལ་ལྷག་བསམ་ཟོལ་མེད་ངང་དེ་ལྟར་བརྗོད།

    ལོ་17ལ་སོན་སྐབས་རང་གི་ཕའི་རེ་བ་ལྟར་ཕཱང་པོས་སྐྲ་བྲེག་པའི་ལས་ལ་ཞུགས།

    “ལོ་རབས་དེར་ད་ལྟ་ནང་བཞིན་གྱི་ཆ་རྐྱེན་ཡག་པོ་མེད། ལག་རྩལ་ཤེས་འདོད་ན་དང་ཐོག་ཨ་ཅོར་འཁྲུད་པ་དང་གཙང་སྦྲ་བྱེད་པ་ནས་འགོ་འཛུགས་དགོས་ཀྱི་ཡོད། ལས་ཀ་ཙག་ཙིག་ཡུན་རིང་བྱས་རྗེས་གཞི་ནས་དགེ་རྒན་དང་མཉམ་དུ་ལག་རྩལ་སྦྱོང་ཐུབ”ཅེས་ཕཱང་པོས་ཕྱིར་དྲན་བྱེད་བཞིན་བརྗོད།

    ཟླ་བརྒྱད་ལྷག་ཙམ་ལག་རྩལ་སྦྱངས་རྗེས་དགེ་རྒན་གྱིས་ཕཱང་པོར་སྐྲ་བཞར་དུ་བཅུག

    ཕཱང་པོ་དངངས་སྐྲག་སྐྱེས་ནས་སྐུ་མགྲོན་ལ་རས་ཁེབས་གཡོག་ཁོམ་མ་བྱུང་གོང་སྐྲ་བཞར་འགོ་ཚུགས་པ་དང་། སྟབས་ལེགས་པ་ཞིག་ལ་སྐུ་མགྲོན་གྱིས་དྲན་སྐུལ་བྱས་པ་བརྒྱུད། གཞི་ནས་རས་ཁེབས་གཡོག་དགོས་པ་དྲན།

    ད་ཆ་ཕཱང་པོ་ལག་རྩལ་བྱང་ཆུབ་ནས་གདེང་ཚོད་ཆེན་པོ་ཡོད་པ་དང་། སྐྲའི་བཟོ་ལྟ་སྣ་ཚོགས་བཞར་ཤེས་ཤིང་། ཁོ་པས“ང་ཚོ་སྐྲ་བཞར་བའི་ལས་རིགས་ཀྱིས་མི་རྣམས་ལ་མཛེས་པའི་ཚོར་སྣང་སྟེར་དགོས་ཀྱི་ཡོད་པས། སྐྲའི་བཟོ་ལྟ་གསར་པ་སྣ་ཚོགས་རྒྱུན་ཆད་མེད་པར་ཤེས་དགོས་ཀྱི་ཡོད། དེར་བརྟེན་ང་རང་ལོ་ལྟར་དུས་བཀག་བཞིན་ལྗོངས་ཕྱི་རོལ་ཏུ་ལག་རྩལ་གསར་ཤོས་དང་སྐྲའི་བཟོ་ལྟ་གསར་ཤོས་སྦྱོང་བར་སྐྱོད་ཀྱི་ཡོད”ཅེས་བརྗོད།

    2012ལོར་ཕཱང་པོ་བོད་དུ་ཐོག་མར་སླེབས་པ་དང་། ད་བར་བོད་དུ་སྐྲ་བཞར་ནས་ལོ་5སོང་། 2022ལོའི་ཟླ་བདུན་པར་ཁོ་པ་ཡང་བསྐྱར་བོད་དུ་སླེབས་པ་དང་འབྲེལ། ཁྲེང་ཀོན་ཆུས་ཉང་བྲན་ཤང་གི་འཐབ་ཕྱོགས་དང་པོའི་ལས་དོན་པར་རིན་མེད་ངང་སྐྲ་བཞར་བ་རེད།

    “ལྷ་ས་གྲོང་ཁྱེར་གྱིས་ང་ལ་དྲོ་སྐྱིད་སྦྱིན་བྱུང་ལ། ངས་ཀྱང་སྟོབས་ཤུགས་ཆུང་ངུར་བརྟེན་ནས་གྲོང་ཁྱེར་འདིར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་བཞིན་པའི་མི་རྣམས་ལ་དྲོ་སྐྱིད་སྦྱིན་འདོད་ཡོད”ཅེས་ཕཱང་པོས་ལྷག་བསམ་དག་པོས་བརྗོད།

    ལོ་བཅུའི་གོང་དང་བསྡུར་ན་ལྷ་སའི་གྲོང་མིའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག མཛེས་དཔྱོད་ཀྱི་ཚད་གཞིའང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།

    འདི་ལོ་ཕཱང་པོ་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་མ་ཐུབ་ཀྱང་། ཁོང་ཡུལ་པོ་གཏན་ནས་མ་བྱུང་ཞིང་། “ངའི་སྦྱིན་བདག་ནི་བོད་རིགས་ཕོ་གསར་ཞིག་ཡིན་པ་དང་། ཁོང་ཧ་ཅང་ཡག་པོ་འདུག སྦྱིན་བདག་དང་ང་ཚོའི་ལས་རོགས་ཁ་ཤས་ཀྱིས་མཉམ་དུ་འཁྲུག་ཆ་དོད་པའི་ལོ་གསར་ཞིག་བཏང་བ་ཡིན། སྐབས་འདི་དང་བསྟུན་ནས་ཚང་མ་ལོ་གསར་པར་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ”ཞེས་ཕཱང་པོས་ལྷག་བསམ་དག་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།