དབུ་ཤོག>གསར་འགྱུར།
  • ལོ་གསར་འཆར་ལ་ཉེ། ཁྲོམ་ར་སྔར་བས་འཁྲུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-17

    2023ལོའི་བོད་ཆུ་ཡོས་ལོའི་གནམ་ལོ་གསར་པ་འཆར་ལ་ཉེ་བས། ལྷ་སའི་ཁྲོམ་གཟིགས་ཁང་ཁྲོམ་ར་དང་བར་སྐོར་ཁྲོམ་ར་སོགས་ལ་ལོ་གསར་མཁོ་ཆས་ཉོ་མཁན་སྔར་བས་མང་དུ་སོང་བས། ལྷ་སའི་ཁྲོམ་གཞུང་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།

    ལྷ་སའི་ཁྲོམ་ར་ཁག་ཏུ་རྩེ་སྒྲོ་དང་། ལོ་གསར་མེ་ཏོག ཤིང་ཏོག སྡེར་ཁ། གྲོ་སོ་ཕྱེ་མར་སོགས་པའི་ལོ་གསར་སྐབས་དགོས་ངེས་ཀྱི་དངོས་ཟོག་རྣམས་སྔ་ས་ནས་འཚོང་རྒྱུ་ཡོད་པས་མི་རྣམས་རང་རང་གི་མཁོ་ཆས་ཉོ་སྒྲུབ་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

    གཞུང་ལམ་གྱི་གཡས་གཡོན་གཉིས་སུ་བཀྲ་ཤིས་པའི་ལྒང་བཞུ་དམར་པོ་བཀལ་ཡོད་ཅིང་། འཁྲུག་ཆ་དོད་པའི་ཁྲོམ་ར་ཕུད་ལྷ་སའི་ཁྲོམ་གཞུང་གང་སར་ཉོ་ཚོང་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པས་ལོ་གསར་གྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

    未标题-1.jpg

    འདི་ནི་གྲོང་མི་ཚོས་འཁྲུག་ཆ་དོད་པའི་ལྷ་སའི་ཁྲོམ་གཟིགས་ཁང་ནང་ལོ་གསར་མཁོ་ཆས་ཉོ་བའི་རྣམ་པ་ཡིན་པ།

    གླུ་ཚིག་ནང“རང་ལ་སྒོར་མོ་ཡོད་ན། ཉོ་ཚོང་སྣ་ཚོགས་བྱས་ཆོག”ཟེར་བ་བཞིན་ལྷ་སའི་ཁྲོམ་རར་ཡུལ་ལུང་སྣ་ཚོགས་ཀྱི་ཐོན་ཟོག་སྟེ་ཞིང་ཁུལ་གྱི་རྩམ་པ་དང་། གྲོ དེ་བཞིན་ལོ་གསར་མེ་ཏོག འབྲོག་པའི་མར་དང་། ཐུད། ཕྱུར་བ་སོགས་གང་འདོད་ལྟར་ཉོ་ཐུབ། དེས་མ་ཟད་ས་ཕྱོགས་ཁག་ནས་ཡོང་བའི་སྲོལ་རྒྱུན་ལག་ཤེས་མི་སྣའི་ཕྱག་རྩེའི་སོར་མོ་ནས་ཐོན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་མང་དག་ཀྱང་ཉོ་རྒྱུ་ཡོད།

    微信图片_20230215155722.jpg

    འདི་ནི་ཉི་སྒྲོན་གྱིས་ཁ་ཟས་འཚོང་བཞིན་ཡོད་པ།

    སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་གྱི་ཚོང་པ་ཉི་སྒྲོན་ནི་ལྷ་སར་ཁ་ཟས་འཚོང་ནས་ལོ་24སོང་བ་དང་། ཁོ་མོའི་ཚོང་ཁང་ནང་དུ་མར་བཟོས་ཁ་ཟས་དང་སྣུམ་གྱི་ཁ་ཟས་རིགས་གཉིས་ཡོད་པས་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ཉོ་བཞིན་ཡོད། མི་ཚོས་ང་རང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས། ངས་ཀྱང་ཁ་ཟས་རྒྱུ་གཙང་སྤུས་གཙང་ངང་ཁྲོམ་རའི་ཐོག་ཕྱིར་འཚོང་བྱེད་ཀྱི་ཡོད། དེས་མ་ཟད་ཞོགས་ལྟར་ལས་མི་ཚོའི་གཙང་སྦྲ་འཕྲོད་བསྟེན་དང་སྤྱི་པའི་ཁོར་ཡུག་ལའང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་ཉི་སྒྲོན་གྱིས་བཤད།

    微信图片_20230217170507.jpg

    འདི་ནི་རབ་རྒྱས་དང་ཁོ་པས་བཟོས་པའི་རྩེ་སྒྲོ་ཡིན་པ།

    ཉི་སྒྲོན་དང་འདྲ་བའི་ཚོང་པའི་མང་པོ་ཞིག་ལོ་གསར་རིང་ལྷ་སར་ཡོང་འབབ་གསོག་པར་ཡོང་ཡོད། གཞིས་ཀ་རྩེ་རིན་སྤུངས་རྫོང་ནས་ཡིན་པའི་རབ་རྒྱས་ཀྱང་ལོ་གསར་འཆར་ཉེར་རྩེ་སྒྲོ་བཟོས་ནས་འཚོང་བཞིན་ཡོད། བཀྲ་ཤིས་རྟགས་བརྒྱད་དང་། མཐུན་པ་སྤུན་བཞི། འདོད་ཡོན་སྣ་ལྔ་སོགས་ཀྱི་རི་མོར་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག དེང་སང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། རྩེ་སྒྲོའི་རི་མོ་གྲ་རྒྱས་པོ་བཟོ་དགོས་ཀྱི་འདུག་པས་སྤུས་ཚད་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་རྩེ་སྒྲོ་ཆ་བཅོ་ལྔ་འཚོང་རྒྱུ་འཁྱེར་ཡོད་ཅེས་ཁོ་པས་བཤད།

    ལག་ཤེས་བཟོ་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་རེ་བྱེད་པ་དང་། རང་གི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་བྱས་ཏེ་འཚོ་བ་གསར་པར་རེ་སྨོན་བཅངས་འགོ་ཚུགས་པ་ནི་ཁོ་ཚོས་འཚོ་བར་འཛིན་པའི་རྣམ་འགྱུར་རེད་ལ། ཁོ་ཚོ་ནི་ཤང་གྲོང་དར་རྒྱས་ཡོང་བའི་འབད་བརྩོན་མཁན་ཡང་རེད།

    (གསར་འགོད་པ། བསོད་ནམས་དབང་འདུས། ལེང་ཆིང་།  བསོད་ནམས་བཀྲ་ཤིས།  དངོས་གྲུབ་ཚེ་རིང་། བློ་བཟང་བསམ་བརྟན།)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།