དབུ་ཤོག
  • དམག་མིའི་ཅ་ལག་རྫུན་མ་འཚོང་མཁན་སོགས་ལ་ཞིབ་བཤེར་བྱེད་བཞིན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-16

    མི་དམངས་དམག་དཔུང་གི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱས་ནས། དམག་བཀུར་རྒྱལ་གཅེས་དང་གཟི་བརྗིད་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《“དམག་བཀུར་དམག་ཕན”གྱི་མིང་ཐོག་ནས་ཁྲིམས་འགལ་གཉེར་སྐྱོང་བྱེད་མཁན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་གཞུང་ལས་ཐིང་གི་བརྡ་ཐོ》དང《“དམག”རྟགས་ཅན་གྱི་ཐ་མག་དང་ཨ་རག་སོགས་ཚོང་ཟོག་འཚོང་མི་ཆོག་པའི་སྐོར་གྱི་ཀྲུང་དབྱང་དམག་ཨུད་རྒྱབ་ཕྱོགས་འགན་སྲུང་པུའུ་སོགས་སྡེ་ཚན་དྲུག་གི་བརྡ་ཁྱབ》བརྒྱུད་སྤེལ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་གཞུང་ལས་ཁང་གི་དགོངས་དོན་གཞིར་བཟུང་། ཁོངས་གཏོགས་ཁུལ་དུ“དམག་བཀུར་དམག་ཕན”གྱི་མིང་ཐོག་ནས་ཁྲིམས་འགལ་གཉེར་སྐྱོང་བྱེད་པའམ་ཡང་ན“དམག”རྟགས་ཅན་གྱི་ཐ་མག་དང་ཆང་རག་སོགས་ཚོང་ཟོག་བཙོངས་པའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།

    111.jpg

    ཚོང་རྟགས་ཐོ་འགོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

    ད་ཐེངས། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་པས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་2དང་། ཐ་མག་དང་ཨ་རག་ཆེད་ཚོང་ཁང་2 དེ་བཞིན་མཁའ་དམག་བཀོད་འདོམས་ལམ(空指路)གྱི་ངལ་རྩོལ་པའི་བདེ་འཇགས་འགན་སྲུང་མཁོ་ཆས་ཚོང་ཁང་6བཅས་ཀྱིས་ཚོང་ཟོག་གམ་ཡང་ན་ཐུམ་སྒྲིལ་སྟེང་དམག་དོན་ཚན་པའི་མིང་དང་། དཔུང་སྡེའི་ཨང་རྟགས་སམ་ཚབ་ཨང་། དམག་འབྲེལ་གྱི་དམིགས་བསལ་གོ་དོན་ལྡན་པའི་ཡིག་འབྲུ། དམག་སྤྱོད་མཚོན་རྟགས་དངོས་པོའི་དཔེ་རིས་སམ་ཡང་ན་དེ་རིགས་ཀྱི་རི་མོ་བཅས་པར་འདེབས་དང་། རྐོ་བ། ལུགས་བཟོ་བཅས་བྱས་པའི་ཚོང་ཟོག་འཚོང་གི་ཡོད་མེད་ལ་སྐོར་ཞིབ་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་པས་ཚོང་ཟོག་འཐེན་ས་མཁོ་འདོན་བྱེད་ཐབས་བྲལ་བའི“དམག་སྤྱོད་མཆུ་རྩི”26མེད་པར་བཟོས་པ་དང་། རིན་གོང་གསལ་པོ་མེད་པའི་ངལ་རྩོལ་པའི་བདེ་འཇགས་འགན་སྲུང་མཁོ་ཆས་ཚོང་ཁང་6ལ་འགན་འཁྲི་ཁུར་ནས་སྒྱུར་བཅོས་བྱེད་དགོས་ལུགས་བཤད་པ་མ་ཟད། “རིན་གོང་བསླབ་བྱའི་ཡི་གེ”ཁག་6སྤྲད་པ་རེད།

    བརྡ་ཁྱབ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ།

    བརྡ་ཁྱབ་ལྟ་ཞིབ་ཚད་ལེན་སྟེགས་བུ་དང་རྒྱུན་གཏན་གྱི་ཞིབ་བཤེར་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་ཕྱི་རོལ་བརྡ་ཁྱབ་དང་། བརྙན་འཕྲིན་སྨྱན་སྦྱོར། དེ་བཞིན་ཁེ་ལས་ཀྱི་དྲ་ཚིགས་བཅས་ལ་བརྡ་ཁྱབ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། “དམག་སྤྱོད”དང་། “དམག་ཆས” “དམག་རྫས”སོགས་ཀྱི་ཐ་སྙད་སྤྱད་ནས་ཚོང་ལས་ཀྱི་སྦིར་བསྒྲགས་བཟོས་ཡོད་མེད་དང་། བརྡ་ཁྱབ་ནང“དམག་དར་དང་། དམག་གླུ། དམག་རྟགས་བཅས་དང་དེ་བཞིན་དམག་མིའི་གཟུགས་བརྙན་བཅས་རྫུན་མ་སྤྱོད་པའི”ཁྲིམས་འགལ་གྱི་བརྡ་ཁྱབ་བྱེད་སྤྱོད་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་ཁྲོད་ཁྱོན་ཕྱི་རོལ་གྱི་བརྡ་ཁྱབ་20ལ་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་ཐེངས་1200བྱས་ཤིང་། མིག་སྔར་ཁྲིམས་འགལ་བརྡ་ཁྱབ་རིགས་ཤེས་རྟོགས་ཐུབ་མེད་པ་རེད།

    ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་བ།

    ཞིབ་བཤེར་བྱེད་རིང་། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ལ《བརྡ་ཁྱབ་སྐོར་གྱི་བཅའ་ཁྲིམས》དང་། 《ཚོང་རྟགས་སྐོར་གྱི་བཅའ་ཁྲིམས》《དམིགས་བསལ་མཚོན་རྟགས་དོ་དམ་སྲོལ་ཡིག》སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་གདལ་ཧུར་ཐག་བཏང་སྟེ། རྒྱ་ཆེའི་ཁྲོམ་རའི་བྱེད་པོར་རང་རྟོགས་ངང་དམག་ཆས་དང་། འདྲ་བཟོས་ཐོན་རྫས་གཉེར་སྐྱོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་མ་ཟད། གཉེར་སྐྱོང་མཁན་གྱིས་རང་བཤེར་རང་བཅོས་དང་། “དམག”རྟགས་ཅན་གྱི་ཚོང་ཟོག་ཉོ་ཚོང་བྱ་རྒྱུ་ནན་འགོག དེ་བཞིན“དམག་བཀུར་དམག་ཕན”གྱི་མིང་ཐོག་ནས་མགོ་སྐོར་བསླུ་བྲིད་ཀྱི་ཚོང་གཉེར་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱེད་དགོས་པའི་བསླབ་བྱ་བྱས་པ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཚོང་ཟོག་ཕྱིར་ཚོང་བྱེད་པའམ་ཡང་ན་ཞབས་འདེགས་ཞུ་རིང“དམག་བཀུར་དམག་ཕན”གྱི་མིང་སྤྱོད་པ་དང་། ཚོང་ལས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དམག་མི་དང་དམག་མིའི་ནང་མི་སོགས་འཛད་སྤྱོད་པར་མགོ་སྐོར་བསླུ་བྲིད་བྱེད་པ་བཅས་ཀྱི་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། རྫུན་མ་ངོ་མར་བརྫུས་པ་དང་སྤུས་ཞན་སྤུས་ལེགས་སུ་བརྫུས་པའི་ཚོང་ཟོག་ཕྱིར་ཚོང་བྱེད་པའམ་ཡང་ན་ཚོང་ཟོག་དེ་རིགས་ཡག་པོ་ཡོད་ལུགས་ཡང་ཡང་བརྗོད་པ་སོགས་འཛད་སྤྱོད་པར་མགོ་སྐོར་གཏོང་བའི་བྱེད་སྤྱོད་དང་ཁྲིམས་འགལ་ངང“དམག”རྟགས་ཅན་གྱི་ཚོང་ཟོག་ཕྱིར་ཚོང་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས། སྤྱི་ཚོགས་ཀྱིས་མི་དམངས་དམག་དཔུང་གི་གཟུགས་བརྙན་བཟང་པོ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁྲོམ་རའི་གཉེར་སྐྱོང་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།