2023ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་བཀོད་སྒྲིག་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཐོ།
གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་ལ།
《རྒྱལ་ཡོངས་ཀྱི་ལོ་གསར་དང་དྲན་གསོའི་ཉིན་མོར་ངལ་གསོ་འཇོག་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས》ནང་གཏན་འབེབས་བྱས་པའི “གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་འཆར་སྐབས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཁག་གི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་ཁག་གི་གོམས་གཤིས་གཞིར་བཟུང་ངལ་གསོའི་དུས་ཚོད་གཏན་འཁེལ་བྱེད་དགོས་པའི”དགོངས་དོན་ལ་གཞིགས་ནས། ད་ལྟ་2023ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་བཀོད་སྒྲིག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
2023ལོའི་བོད་ཀྱི་ལོ་གསར་ལ་ངལ་གསོ་ཉིན་7འཇོག་རྒྱུ་སྟེ། 2023ལོའི་ཟླ་2ཚེས་20ཉིན་ནས་ཟླ་2ཚེས་26ཉིན་བར་ངལ་གསོ་འཇོག་རྒྱུ་དང་། ཟླ་2ཚེས་18ཉིན(གཟའ་སྤེན་པ)དང་ཟླ་2ཚེས་19ཉིན(གཟའ་ཉི་མ)ལས་ཀར་ཡོང་དགོས།
དུས་ཆེན་རིང་རྒྱ་ཆེའི་གྲོང་མི་ཚོས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཚན་པ་ཁག་གིས་ལས་རེས་དང་བདེ་འཇགས། བདེ་སྲུང་། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་བཀོད་སྒྲིག་འོས་འཚམས་བྱས་ཏེ། ལས་རེས་འགོ་ཁྲིད་དང་ལས་རེས་མི་སྣའི་ལས་རེས་དང་ལས་རེས་སྣེ་ཁྲིད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ལས་རེས་བྱ་ཡུལ་ནས་རང་དགར་བྲལ་བ་དང་ལས་རེས་བྱེད་མཁན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་དགོས། གལ་སྲིད་ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་འཕྲད་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ཐག་གཅོད་འོས་འཚམ་བྱས་ནས། མི་དམངས་མང་ཚོགས་འཆམ་མཐུན་བདེ་འཇགས་ཀྱི་ལོ་གསར་གཏོང་ཐུབ་པ་བྱེད་དགོས།
དམིགས་སུ་བཀར་ནས་བརྡ་ཐོ་འདི་བཏང་།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས།
2023ལོའི་ཟླ་2ཚེས་14ཉིན།