ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་ནོར་ཤུགས་ཀྱི་སྤྱིའི་གཞི་ཁྱོན་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། 2018ལོ་ནས་2022ལོ་བར། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར་ཁྲི་1.4ཟིན་ཏེ་ལོ་རེའི་ཆ་སྙོམས་ལས་12.1%འཕར་ནས་སྲིད་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་རྣམ་གྲངས་བཅས་དོན་འཁྱོལ་ཐུབ་པའི་འགན་ལེན་ཧུར་ཐག་བྱས་པའི་ཁྲོད་གཤམ་འོག་ལ་མ་དངུལ་སྒྱུར་སྤྲོད་བྱེད་ཁྱོན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་7250ཟིན་གྱི་ཡོད་པ་རེད།
ལོ་5ཡི་རིང་། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་པར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་507བསྡུ་སྒྲིལ་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས། གཏོང་སྒོའི་80%ཡན་དམངས་འཚོའི་ཐད་སྤྱད་པས། དམངས་འཚོའི་ཚད་གཞི་གཙོ་བོ་བསྟུད་མར་མཐོ་རུ་ཕྱིན་ཡོད་ལ། རྒྱལ་ཡོངས་དང་དབུས་ནུབ་རྒྱུད་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་རིམ་རྩིས་བྱས་ན་སྐྱེ་ཁམས་ཁྱབ་ཁོངས་སུ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་664.8ཟིན་པ། མ་དངུལ་སྒོར་དུང་ཕྱུར་166བསྡུ་སྒྲིལ་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ་བཅས་རེད།
“2023ལོར། ནོར་སྲིད་ཀྱི་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས‘འཛུགས་གཏོད་བཞིར’རང་འགུལ་ངང་ཞབས་འདེགས་ཞུས་ཏེ་ལས་ཞུགས་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར། དམངས་འཚོའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་སོགས་བྱས་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་དབྱི་ལི་ཕུང་གིས་བཤད།