དབུ་ཤོག>གསར་འགྱུར།
  • མང་ཚོགས་ཀྱི་བདེ་ཐང་ལ་སྨན་བཅོས་ཀྱི་རྒྱབ་རྟེན་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-07

    ལྷ་སའི་གྲོང་མི་ཡེ་ཤེས་དབྱངས་ཅན་གྱིས་ཕ་མའི་གཟུགས་གཞི་བརྟག་དཔྱད་བྱས་འབྲས་ལ་ལྟ་སྐབས་ལོ་ན་བགྲེས་པའི་ཕ་མའི་གཟུགས་པོར་སེམས་ཁྲལ་མེད་པ་ག་ལ་སྲིད། སྟབས་ལེགས་པ་ཞིག་ལ་སྨན་བཅོས་འགན་བཅོལ་ཡོད་པས་སྨན་རིན་གྱི་ཁུར་པོ་ཡང་དུ་ཕྱིན་ཡོད།

    “སྔོན་ཆད་ནད་གཞི་ཕོག་སྐབས་སེམས་ཁྲལ་ཆེ་ཤོས་ནི་དཔལ་འབྱོར་གྱི་ཁུར་པོ་རེད། ད་ཆ་སྨན་བཅོས་འགན་བཅོལ་གྱིས་རྩིས་ཞུ་ཐུབ་པའི་སྨན་རྫས་རིགས་ཇེ་མང་དུ་འགྲོ་བ་དང་མི་སྒེར་གྱིས་སྤྲོད་འགན་འཁུར་བའི་འགྲོ་གྲོན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ནང་མིས་ད་དུང་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ལྷག་གྲངས་མཉམ་སྤྱོད་ཆོག་པ་དེས་ང་ཚོའི་བདེ་ཐང་གི་རེ་བ་དེ་བས་ཆེ་རུ་ཕྱིན་སོང”ཞེས་ཡེ་ཤེས་དབྱངས་ཅན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་གཅོང་ནད་རིགས་ཉུང་བ་ནས་མང་བའི་བར་དང་། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ལས་རིམ་རྙོག་འཛིང་ཆེ་བ་ནས་སྟབས་བདེ་བའི་བར། སྨན་བཅོས་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་དམའ་བ་ནས་མཐོ་བའི་བར་བཅས་སུ་འགྱུར་ལྡོག་བྱུང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས“འགན་བཅོལ་གསུམ”གྱི་ལམ་ལུགས་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་མང་བ་དང་། རྒྱུན་མཐུད་ཆོག་པ། སྤུས་ཚད་མཐོ་བ་བཅས་ཀྱི་སྨན་བཅོས་འགན་སྲུང་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ཏེ་སྲིད་ཇུས་ཀྱི་ཁེ་འབབ་རབ་དང་རིམ་པར་བརྟེན་ནས་མང་ཚོགས་ཚོས་འགྱུར་ལྡོག་མཐོང་བ་དང་། ཕན་འབྲས་ཐོན་པ། ཕན་པ་དངོས་ཐོབ་པ་བཅས་བྱུང་ཡོད།

    རང་ལྗོངས་ཀྱིས“དམངས་ཡོངས་འགན་བཅོལ་ནང་ཞུགས་པའི”འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་95%ཡན་རྒྱུན་མཐུད་བརྟན་ལྷིང་བྱུང་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་ལོ་རེ་བཞིན་མཐོ་རུ་ཕྱིན་ནས། མི་རེར་ལོ་རེར་སྒོར་645ཟིན་པ་དང་། མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་རྒྱལ་ཡོངས་དང་གཅིག་མཚུངས་ངང་ཚད་གཞི་མཐོ་རུ་ཕྱིན་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལོ་འཁོར་གྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་སྒོར་ཁྲི་6ཡིན་པ་དང་། འགན་བཅོལ་ནང་ཞུགས་མཁན་སྨན་ཁང་དུ་སྡོད་རིང་ཐོན་པའི་ལུགས་མཐུན་གྱི་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་བསྡུར་གྲངས་མཐོ་ཤོས་90%ཡན་ཟིན་པ། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་ཀྱི་འགན་བཅོལ་བསྡུར་ཚད་མཐོ་ཤོས་90%ཟིན་གྱི་ཡོད་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། འགན་བཅོལ་ནང་ཞུགས་མཁན་སྨན་ཁང་དུ་བསྡད་ནས་ཐོན་པའི་ལུགས་མཐུན་གྱི་སྨན་བཅོས་འགྲོ་གྲོན“རྩིས་ཞུ་བྱེད་དགོས་ངེས་རྩིས་ཞུ”བྱེད་པ་མ་ཟད། མི་སྒེར་གྱི་རྩིས་ཐོ་ནང་མི་མཉམ་སྤྱོད་ཐུབ་ཡོད་པ་རེད།

    རང་ལྗོངས་ཀྱིས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་དེ་བས་དྲང་གཞག་དང་དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། ནད་ཆེན་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་བསྡུར་ཚད་མུ་མཐུད་མཐོ་རུ་གཏོང་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་གྱི་ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་དེ་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་6ནས་མི་སྒེར་གྱིས་འཇལ་དགོས་པའི་སྨན་རིན་སྒོར་5000བར་ཆག་པ་དང་། ཚད་གཞི་མཐོ་ཤོས་དེ་མི་རེར་ལོ་རེར་སྒོར་ཁྲི་7ནས་མི་རེར་ལོ་རེར་སྒོར་ཁྲི་14བར་མཐོ་རུ་བཏང་ཡོད། 2022ལོ་ནས་བཟུང་། དམིགས་བསལ་དཀའ་ངལ་ཡོད་མཁན་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། དབུལ་པོ་བསྐྱར་ལོག་གི་དབུལ་པོར་གྱུར་བའི་མི་འབོར་བཅས“གཅིག་ཆག་དང་། གཅིག་འཕར། གཅིག་མེད་པ་བཟོ་བ”སྟེ། ཐོག་མའི་གཏོང་སྤྲོད་ཚད་གཞི་50%ཆག་པ་དང་། རྩིས་ཞུའི་བསྡུར་ཚད་5%འཕར་བ། ཚད་གཞི་མཐོ་ཤོས་ཀྱི་གཟིགས་སྐྱོང་འགན་ལེན་སྲིད་ཇུས་མེད་པར་བཟོས་པ་བཅས་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་སྨན་ཁང་དུ་སྡོད་པའམ་ཡང་ན་དམིགས་བསལ་ནད་ཕོག་ནས་སྨན་བཅོས་འགྲོ་གྲོན་རྩིས་ཞུ་མ་བྱུང་བའི་རིགས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གྲངས་འབོར་ཆེ་བའི་སྨན་བཅོས་འགྲོ་གྲོན་གྱི་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་ནས་གཏན་འབེབས་ཀྱི་བསྡུར་ཚད་ལྟར་རྩིས་ཞུ་བྱེད་ཆོག མིག་སྔར། སྨན་བཅོས་འགྲོ་གྲོན་མཐོ་བ་དང་། སྨན་བཅོས་བྱེད་ཡུན་རིང་བ། སྨན་བཅོས་བྱེད་ཐེངས་མང་བ་བཅས་ཀྱི་ནད་རིགས་50གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་འགན་ལེན་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།

    རོགས་སྐྱོབ་ཀྱི“མཐའ་ཚད་སྐྱོང་བར”ཤུགས་སྣོན་རྒྱག་ཆེད། རང་ལྗོངས་ཀྱིས《དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》བཏོན་ནས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཕྱོགས་མང་པོ་ཞུགས་པའི་རིམ་མང་སྨན་བཅོས་འགན་སྲུང་མ་ལག་བསྐྲུན་ཡོད་པ་རེད། སྤྱིར་བཏང་གི་སྨན་བཅོས་རོགས་སྐྱོབ་དང་དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་འཁོར་གྱི་རོགས་སྐྱོབ་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་15དང་སྒོར་ཁྲི་30སོ་སོར་ཟིན་པ་དང་། ཐད་ཀའི་རོགས་སྐྱོབ་བམ་ཡང་ན་རེ་འདུན་གཞིར་བཟུང་རོགས་སྐྱོབ་བྱས་རྗེས། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་མི་སྒེར་གྱིས་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ལྕི་ཙམ་འཁུར་དགོས་ཚེ། དོན་རེར་གྲོས་བསྡུར་རེ་བྱེད་པ་དང་། ཆེད་དོན་ཞིབ་འཇུག དུས་བཀག་ནང་ཐག་གཅོད་བཅས་བྱེད་པའི་རྩ་དོན་གཞིར་བཟུང་བས་ལོ་འཁོར་གྱི་རོགས་སྐྱོབ་བཅད་གྲངས་དང་ཐོབ་ཐང་རིགས་ཀྱི་ཚོད་འཛིན་ཕོག་གི་མེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་རོགས་རམ་བྱ་ཆེད། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་མང་ཚོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པར་མི་སྒེར་གྱིས་གྲོན་དངུལ་འཇལ་མི་དགོས་པར་སྨན་བཅོས་རོགས་སྐྱོབ་དང་ནོར་སྲིད་མ་དངུལ་གྱིས་འགན་བཅོལ་གྲོན་དངུལ་ཚབ་འཇལ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱས་རྗེས་ཀྱི་ལུགས་མཐུན་འགྲོ་གྲོན་དེ་སྨན་བཅོས་རོགས་སྐྱོབ་ཀྱི་90%གཞིར་བཟུང་མཐའ་སྐྱོང་རྩིས་ཞུ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།