ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་སྐབས་གང་སར་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་བཟང་ལ། ལྷ་སར་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་ལག་གདང་སྦྲེལ་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཏེ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བཏོད་དེ། མི་རིཌ་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་གཡུལ་ས་གཙོ་བོ་ཡིན་པའི་སློབ་གྲྭས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་རྩ་གསོ་བློ་སྦྱོང་གི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད། སློབ་གསོའི་གྲོང་དུ་གནས་པའི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། རིམ་བཞིན་སློབ་མ་ཚོར་མི་རིགས་མཐུན་སྒྲིལ་གྱི་ནང་དོན་དང་དོན་སྙིང་ཤེས་སུ་བཅུག་པ་དང་། མི་རིགས་མི་འདྲ་བའི་སློབ་མའི་དབར་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་མཛའ་གྲོགས་ཀྱི་འབྲེལ་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་སློབ་ཁྲིད་གོང་དང་། སློབ་ཁྲིད་རིང་། སློབ་ཁྲིད་རྗེས་བཅས་སུ་དོན་འཁྱོལ་ཡོང་བར་བྱས་ཡོད། སློབ་གྲྭ་དེ་ཡང“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་མཉམ་སྡེབ”དང“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་མཉམ་སྡེབ”ལ་སྔ་རྗེས་སུ་བདམས་པ་རེད།
“ང་ཚོའི་སློབ་གྲྭར་ཧུད་རིགས་དང་། བོད་རིགས། རྒྱ་རིགས་བཅས་ཀྱི་སློབ་མ་ཡོད། མི་རིགས་མི་འདྲ་བའི་སློབ་མ་རྣམས་སློབ་གྲྭའི་མཉམ་སྡེབ་ཆེན་པོའི་ནང་ཞུགས་ཤིང་། ཁོང་ཚོས་སློབ་གྲྭ་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད། ང་ཚོས་རྒྱུན་དུ་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་། རྒྱལ་དར་སྒྲེང་བའི་མཛད་སྒོ། ལག་བཤུས་ཚགས་པར། གཏམ་བཤད་འགྲན་བསྡུར་སོགས་གཞི་རྟེན་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་སློབ་མའི་སེམས་ནང་ཟུག་པར་བྱས་ནས། མི་རིགས་མི་འདྲ་བའི་སློབ་མའི་དབར་གྱི་མཛའ་མཐུན་འབྲེལ་བར་སྐུལ་འདེད་བཏང་བ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཀྱང་ཟབ་ཏུ་བཏང་ཡོད”ཅེས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་བསམ་བློ་ཆབ་སྲིད་གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་ཕན་ཐོགས་ཀྱིས་བཤད།
ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་གནས་པའི་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེན་པོ་ནི་མི་རིགས་ཁག་གི་གྲོང་མི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྟེགས་བུ་ཞིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཀྱང་རེད། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་ཁང་སྡེ་ཁུལ་དུ་གནས་པའི“དམག་ཁང་སྒོ་ར་ཆེན་པོ”ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་སྒོ་ར་རྙིང་པ་ཞིག་ཡིན་པ་དང་། 2008ལོར་ཁྲེང་ཀོན་ཆུས་ཀྱིས“མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེན་པོར”བདམས་པ་རེད།
ཁྲོམ་གཟིགས་ཁང་སྡེ་ཁུལ་གྱི་དྲ་མིག་གསུམ་པའི་དྲ་དཔོན་ཕུར་བུ་ཚེ་རིང་གིས་གསར་འགོད་པར“དམག་ཁང་སྒོ་ར་ཆེན་པོར་དུད་ཚང་62ཡོད་པའི་ནང་ཧུད་རིགས་དུད་ཚང་4དང་རྒྱ་རིགས་དུད་ཚང་12ཡོད་ལ། དེ་བྱིངས་ཚང་མ་བོད་རིགས་ཡིན། དུས་རྒྱུན་ཚང་མས་ཕན་ཚུན་མཐུན་སྒྲིལ་དང་རོགས་རམ་བྱེད་པ་མ་ཟད། ཕན་ཚུན་དབར་གྱི་རིག་གནས་དང་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་བྱེད་པ་ཡིན། སུ་ལ་དཀའ་ངལ་འཕྲད་ཚེ་ཚང་མས་རོགས་རམ་བྱེད་ངེས་ལ། ལོ་ལྟར་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་ཡང་དམག་ཁང་སྒོ་ར་ཆེན་པོར་སྤེལ་གྱི་ཡོད”ཅེས་བཤད།
ལྷ་སར། དམག་ཁང་སྒོ་ར་ཆེན་པོའམ་ཡང་ན་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གང་ཞིག་ཡིན་རུང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ་ནི་མི་རིགས་ཁག་གི་སྤུན་ཟླ་དུས་ཡུན་རིང་པོར་འཆམ་མཐུན་མཉམ་གནས་དང་འགྲོ་འོང་ཁྲོད་ནས་རྩ་བ་ཚུགས་ལ། མི་རིགས་ཁག་ཞི་མཐུན་མཉམ་གནས་དང་དཔུང་པ་མཉམ་སྦྲེལ་གྱིས། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་གསོན་ཉམས་དོད་པའི་རྣམ་པ་གང་སར་མཐོང་ཐུབ། མི་རིགས་ཁག་གི་བུ་ཕྲུག་ཚོས་སྔར་ནས་བཟུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སེམས་ལ་འཇགས་པ་དང་། ཁྲག་རྒྱུན་ཁྲོད་འདྲེས་པ། བླ་སྲོག་ཁྲོད་གནས་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་ལ་དྲི་ཞིམ་གང་སར་འཐུལ་བར་བྱས།
“2022ལོར། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ། ‘འདུ་འགོད་ཆེན་པོ་བཞི’དང‘བྱ་སྤྱོད་དྲུག’ལྷ་སའི་མི་རིགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་པ། གཙོ་གནད་ལས་འགན་དྲུག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ‘རྣམ་པ་དང་། མྱོང་བ། ནུས་པ་བཅས་ལྡན་པའི’ཐད་ཤུགས་སྣོན་བརྒྱབ་སྟེ། 2022ལོའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ཐད་རུ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་སུ་བཏང་ནས། ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་དྲིལ་བསྒྲགས་འཛུགས་གཏོད་ཁོའོ་ཡི་ཁོའོ་ཀྲང་ཝང་ཆང་གིས་གསར་འགོད་པར་བཤད།