དབུ་ཤོག>གསར་འགྱུར།
  • ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཚོང་འགུགས་མ་འདྲེན་ལ་ཆ་རྐྱེན་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-31

    2022ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་ཨང་དང་པོ་དང་འབྱུང་རྩ་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས། “ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”སྤེལ་བ་གོ་སྐབས་སུ་བྱས་ཏེ། མིག་སྔའི་ཚོང་འགུགས་ཀྱི་དུས་བབ་གསར་པ་དང་བསྟུན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་ཀྱི་གསོན་ཤུགས་འཕེལ་བ། སྤུས་ལེགས་རྣམ་གྲངས་འབོར་ཆེན་ཞིག་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    དམིགས་ཚད་གཏན་འཁེལ་བྱས་ནས་ཚོང་འགུགས་མ་འདྲེན་གྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱས་པ།

    ཚོང་འགུགས་མ་འདྲེན་གྱི་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་ཀྱི“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཅངས་ནས“བྱས་འབྲས་འཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད”པའི་བློ་རྒྱས་ནུས་ཤུགས་ཡོད་རྒུས་ཚད་བརྒལ་ཡོང་བར་བྱས་པ་དང་མགྱོགས་མྱུར་སྐུལ་འདེད་བཏང་ཡོད།

    གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་མཛུབ་སྟོན་ཐེངས་མང་བྱས་པ་དང་། གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་ཚོགས་འདུ་ཐེངས་2འཚོགས་པ། ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་བཀོད་གཏོང་ཚོགས་འདུར་ཐེངས་12ཞུགས་ནས་རང་ངོ་མས་འཆར་འགོད་དང་། རང་ངོ་མས་བཀོད་སྒྲིག རང་ངོ་མས་སྣེ་ཁྲིད་དེ་ཚོང་འགུགས་ལ་དམ་འཛིན་དང་ཚོང་འགུགས་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཡོད།

    “2022ལོའི་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ལག་བསྟར་ཇུས་གཞི”དང་། “ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་སྤེལ་བའི་ལག་བསྟར་ཇུས་གཞི”བཟོས་ནས་ལས་ཀའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཏེ། ཚོང་འགུགས་མ་འདྲེན་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཡོད།

    ཐོན་ལས་གཙོ་བོ་འཕེལ་རྒྱས་ཀྱི་ད་ཡོད་གནས་བབ་དང་། ཐོན་ལས་ཀྱི་རྨང་གཞི། ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་དམིགས་ཏེ་གཙོ་གནད་ཚོང་འགུགས་རྣམ་གྲངས་85ཇུས་འགོད་དང་གྲབས་གསོག་ཞིབ་ཚགས་བྱས་པ་དང་འབྲེལ《ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་རྣམ་གྲངས་དེབ་དང་མ་དངུལ་གཏོང་སྟངས་ཕྱོགས་སྟོན》བཟོས་ནས་རང་འགུལ་ངང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཡོད།

    ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་ཐེངས་7འཚོགས་པ་དང་། ཚོང་འགུགས་མ་འདྲེན་ཡན་ལག་རུ་ཁག་ཆུང་གྲས་ཀྱིས་གཙོ་གནད་ས་ཁུལ་དུ་ཚོང་འགུགས་ཐེངས་10བྱས་པ། ཁེ་ལས་146དང་འབྲེལ་མཐུད་གྲོས་མོལ་བྱས་པ། འགྲེམས་ཚོགས་བརྒྱུད་རྣམ་གྲངས་10ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་84.97ཟིན་ཡོད།

    2022ལོའི་ཟླ་12པའི་ཟླ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་བརྒྱུད་ཚོང་འགུགས་མ་འདྲེན་རྣམ་གྲངས་2ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་3.5ཟིན་པ་དང་། ནུབ་རྒྱུད་རྒྱལ་སྤྱིའི་མ་དངུལ་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཞི་པའི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུར་ཁྱོན་རྣམ་གྲངས་6ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་10.9ཟིན་པ། ཧྲང་ཧའེ་གྲོང་ཁྱེར་དུ་གཉེར་བའི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུར་ཞུགས་ནས་དཔལ་འབར་རྫོང་གི་ཤར་ཆུ་རྒྱུག་ཁུལ་གྱི་ཆུ་གློག་གསར་སྤེལ་དང་། འཇོ་མདའ་རྫོང་གི་ཤྭ་བ་གསོ་ཚགས་ཐོན་ལས་དཔེ་སྟོན་འབྲོག་རའི་ཤྭ་བ་འདུལ་གསོ་དང་དེ་བཞིན་སྔོ་གསོག་གཟན་རྩྭའི་ཞིང་སྐྱོར་རྣམ་གྲངས་2ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་70.57ཟིན་ཡོད།

    གསར་འབྱེད་གསར་གཏོད་བྱས་ནས་ཚོང་འགུགས་མ་འདྲེན་གྱི་སྣེ་འཛོམས་ཐབས་བཟང་བཏོན་པ།

    2022ལོའི་ཟླ་12ཚེས་18ཉིན་གྱི་སྔ་དྲོར། བོད་ཀྱི་བོད་རག་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་གན་རྒྱ་འཇོག་པའི་མཛད་སྒོ་དང་ཁྲོམ་རའི་སྤུས་རྟགས་གཉེར་སྐྱོང་གི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་ཆབ་མདོ་གྲོང་ཁྱེར་བཅིངས་འགྲོལ་ཐང་ཆེན་དུ་འཚོགས་པ་རེད། རང་ལྗོངས་ཀྱི་དོན་འཁྱོལ་བྱས་པའི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཐོག་མའི་ངོས་ནས། རྣམ་གྲངས་ཀྱི་ས་ཆ་ཆབ་མདོ་གྲོང་ཁྱེར་སྐྱིད་ཐང་ཁྱད་ལྡན་གྲོང་རྡལ་ཆུང་ངུར་ཆགས་ཤིང་འཆར་འགོད་རྒྱ་ཁྱོན་མུའུ་300ཟིན་པ་དང་ལོ་རེར་ཨ་རག་ཐོན་ཚད་ཏུན་5000ཐོན་ཚེ་ལོའི་ཐོན་རྫས་རིན་ཐང་དང་ཁེ་སྤོགས་ཧ་ཅང་ཡག་པོ་ཡོང་གི་ཡོད།

    2022ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བ། ཡན་ལག་ཚོགས་ཆུང་ལ་བརྟེན་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ་ཆབ་མདོའི་ནུས་རྒྱུ་གཙང་མ་དང་འབྱུང་འཕྲོད་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་མགྱོགས་སུ་བཏང་ཡོད།

    2022ལོར་ཆབ་མདོ་གྲོང་ཁྱེར་གྱིས་གསར་འབྱེད་གསར་གཏོད་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་སྣེ་འཛོམས་ཐབས་བཟང་བཏོན་ནས་བྱེད་ཐབས་གསར་གཏོད་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ཆེ་རུ་བཏང་ཡོད།

    ཁྲོམ་ར་ཅན་གྱི་ཚོང་འགུགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྫོང་དང་ཆུས(གླིང་ཁུལ)ལ་ཁྲོམ་ར་ཅན་གྱི་ཚོང་འགུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས་མཚམས་སྦྱོར་ཚོང་འགུགས་སྒྲིག་གཞི་11དང་ཚོང་འགུགས་མངགས་བཅོལ་གྱི་གྲོས་མཐུན་བཞག་སྟེ་ཁེ་ལས་10ལྷག་ནང་འདྲེན་བྱས་ཡོད།

    ཚོང་འགུགས་བྱེད་སྟངས་ལེགས་སུ་བཏང་ཞིང་། སྲོལ་རྒྱུན་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་པ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དྲ་ཐོག་ལས་སྟེགས་སུ་གཙོ་གནད་ཁེ་ལས་དང་འབྲེལ་གཏུག་མཉམ་ལས་དང་གནད་དོན་ལ་གྲོས་བསྡུར་ཐག་གཅོད་བྱས་པ་བརྒྱུད་རྣམ་གྲངས་འབོར་ཆེན་ཞིག་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད།

    “ས་གྲོལ་དཔལ་འབྱོར”འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་ཀྱི“ལྟེ་གཅིག་སྐོར་གཅིག་རྒྱུད་གཉིས་ཁུལ་གསུམ”བཅས་ཀྱི་འཕེལ་རྒྱས་རྣམ་པར་དམིགས་པ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་སྔ་སྣུར་འཆར་འགོད་བཀོད་སྒྲིག་ལ་དམིགས་པ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ཁུངས་ལ་བརྟེན་པ་བཅས་བྱས་ནས་ས་གྲོལ་གླིང་ཁུལ་ཐུན་མོང་ཐོག་བསྐྲུན་ཡོད།

    ཐབས་མང་མཉམ་དུ་སྤྱད་ནས་ཚོང་གཉེར་ཁོར་ཡུག་གི་ཞབས་འདེགས་ནུས་པ་ཆེ་རུ་བཏང་བ།

    ཀྲུང་ཅན་ཁང་བྱའོ་སྨན་རྫས་ཚོགས་ཁག་མ་རྐང་ཚད་ཡོད་ཀུང་སིའི་ནོར་དོན་འགན་ཁུར་བ་ཁྲེན་ཚའེ་ཡུན་གྱིས། ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་མ་དངུལ་བསྡུ་སྒྲིལ་དང་། ཁྲལ་རིན་གཉིས་གཅོག ལས་གནས་རྒྱ་སྐྱེད་གཏོང་བའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སོགས་ཁེ་ལས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་ལ་དམིགས་ཏེ་ཆབ་མདོ་ཁུལ་གསར་གྱིས་གྲོང་ཁྱེར་མི་སྤྱི་ཅུས་དང་། ཁྲལ་དོན་ཅུས། དངུལ་རྩའི་སྒྲིག་གཞི་སོགས་ཚན་པའི་ལས་དོན་པ་ཆེད་མངགས་གདན་དྲངས་ནས། ཁེ་ལས་ལ་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་ཟམ་བཙུགས་པ་དང་། ཆབ་མདོ་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་འབྲེལ་ཡོད་དངུལ་ཁང་གིས་སྒོ་རྩར་ཞབས་འདེགས་ཞུ་བར་མཐུན་སྦྱོར་ཐེངས་མང་བྱས་ནས་ཁེ་ལས་ཀྱིས་སྲིད་ཇུས་ཤེས་པ་དང་། རེ་འདུན་ཞུ་ཤེས་པ། ལོངས་སྤྱོད་ཐུབ་པ་བཅས་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཤང་ཅིན་ཀྲའོ་ཡིས། ཁེ་ལས“རྩ་བ་ཚུགས་པ”དང“གཞི་ཆགས་ཐུབ་པ”“འཕེལ་རྒྱས་ཡག་པོ”བཅས་ཡོང་བའི་བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་ཞུ་བའི་འདུ་ཤེས་བཅངས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། དེ་ལྟར་བྱས་ཚེ། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གཞི་ནས་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་ཐུབ་ཅེས་བཤད།

    ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་འཕེལ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་དུས་ཐོག་ཏུ་ཚོང་འགུགས་མ་འདྲེན་གྱི་རོགས་སྐྱོར་མ་དངུལ་སྤྲད་དེ་ཚོང་འགུགས་མ་འདྲེན་གྱི་ཁེ་ལས་གཙོ་བོར་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱས་པ་དང་འབྲེལ་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དབར་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤེལ་རེས་ཀྱི་ལས་སྟེགས་བཏོད་ཡོད།

    ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་ཁེ་ལས་མཁས་པར་མ་དངུལ་གཏོང་བར་གོ་སྐབས་ཡོད་པ་དང་། ཁེ་ལས་དར་རྒྱས་གཏོང་བར་གར་སྟེགས་ཡོད་པ། འཕེལ་རྒྱས་གཏོང་བར་བར་མཐོངས་ཡོད་པ། ཁེ་དབང་ལ་འགན་ལེན་ཡོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ། རྒྱ་ཆེའི་མ་དངུལ་འཇོག་མཁན་གྱིས་ཆབ་མདོར་འཕེལ་རྒྱས་གཏོང་སྐབས་བློ་བདེ་པོ་དང་། བློས་འགེལ་བ། སེམས་ཁྲལ་མེད་པ། སེམས་གནས་པ་བཅས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།