གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2022ལོར་བོད་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་འོག་གི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་ལས་ཞུགས་དུས་བབ་ལ་ཁ་གཏད་ཧུར་ཐག་བཅག་སྟེ། ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་བསྒྲུབས་པས། ཞིང་འབྲོག་པ་ཁྲི་63.1གནས་སྒྱུར་ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་55.6ཟིན་ནས་ལོ་འཁོར་གྱི་འཆར་གཞི་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་ཡོད།
2022ལོར་རང་ལྗོངས་ཀྱི་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་ཕྱི་ནང་གི་ཁྲོམ་ར་གཉིས་ལ་གཞི་ཚུགས་ཏེ། ཞབས་ཞུ་འགན་ལེན་ལས་དོན་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་པས། ལྗོངས་ནང་ཁུལ་དུ་མི་ཁྲི་62.46གནས་སྒྱུར་ལས་ཞུགས་ཐུབ་པ་དང་ལྗོངས་ཕྱི་རུ་མི་6436གནས་སྒྱུར་ལས་ཞུགས་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཟླ་4པ་ནས་ཟླ་7པ་བར་གྱི་ཞིང་འབྲོག་པ་ཕྱིར་གླ་པར་སྐྱོད་པའི་དུས་ཚོད་ཡག་ཤོས་གང་ལེགས་སྤྱད་ཁར། རྣམ་གྲངས་སྣ་ཚོགས་ལས་ཐོན་བསྐྱར་ཚུགས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། དགོས་མཁོ་མཐིལ་རྟོགས་དང་། ལས་གནས་འོས་སྦྱོར། མི་སྤྱོད་སྦྲེལ་མཐུད་བཅས་བྱས་ཤིང་། སྒྲིག་འཛུགས་ཅན་གྱི་ཕྱིར་གཏོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བས། ཟླ་7པའི་ཟླ་མཇུག་ཏུ་ལོ་འཁོར་གྱི་དམིགས་ཚད་ཀྱི་93.5%ལེགས་གྲུབ་བྱུང་ཡོད། རིམས་ནད་ཐོན་རིང་དཔལ་འབྱོར་བརྟན་པོ་ཡོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གནས་སྐབས་ཀྱི་བྱེད་ཐབས་བཏོན་ཏེ། སྤྱི་ཚོགས་འགན་བཅོལ་གྱི་འདེགས་ཤིང་ལྟ་བུའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་བྱས་ནས། ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱས་པས་ལས་ཞུགས་ལས་གནས་ཁྲི་12ཡན་བརྟན་དུ་ཕྱིན་ཡོད།