ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོ་ལོམ་པི་ཡའི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག ཁོ་ལོམ་པི་ཡའི་ཞི་བའི་གྲོས་མཐུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ་རེད།
ཏའེ་པིང་གིས། འདས་ཟིན་པའི་ལོ་གཅིག་ནང་ཁོ་ལོམ་པི་ཡ་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པས་ཆབ་སྲིད་ཀྱི་སྐད་ཆ་ཤོད་རེས་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་དགའ་འོས་པའི་འཕེལ་རྒྱས་བྱུང་སྟེ། ཞི་བདེ་དང་། འཕེལ་རྒྱས། ཞི་བས་མཐུན་འགྲིག་བཅས་ཀྱི་ལེའུ་གསར་པ་བརྩམས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོ་ལོམ་པི་ཡའི་ཞི་བའི་འཕེལ་རིམ་ལ་མུ་མཐུད་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་སྟེ།
གཅིག་ནས། ཞི་བའི་གྲོས་མཐུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ཙུང་ཐུང་ཕེ་ཐེ་ལུའོ་ཡིས་འགོ་ཁྲིད་བྱེད་པའི་ཁོ་ལོམ་པི་ཡའི་སྲིད་གཞུང་གསར་པ་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཞི་བའི་གྲོས་མཐུན་གྱི་དོན་ཚན་ཁག་དོན་འཁྱོལ་ཧུར་ཐག་བྱས་པར་ཚད་མཐོའི་ཁས་ལེན་བྱེད་འོས་པ་ཞིག་ཡོད། དེ་དང་དུས་མཚུངས་ཞི་བའི་གྲོས་མཐུན་དོན་འཁྱོལ་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ཁོ་ལོམ་པི་ཡ་ཕྱོགས་ཁག་གིས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཁ་ཕྱོགས་སུ་ཟམ་མི་ཆད་པར་འབད་བརྩོན་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་མུ་མཐུད་དེར་དོ་སྣང་ཆེན་པོ་བྱས་ནས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱེད་དགོས།
གཉིས་ནས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པར་བརྟེན་ནས་མི་མཐུན་པ་སེལ་ཐབས་མཐའ་འཁྱོངས་བྱེད་དགོས། ཁོ་ལོམ་པི་ཡས་སྐད་ཆ་ཤོད་རེས་བརྒྱུད་འགལ་བ་མཇུག་འགྲིལ་བ་དང་གྲོས་མོལ་བརྒྱུད་ཞི་བདེ་བསྐྱར་སྐྲུན་བྱེད་པ་ནི་ཆབ་སྲིད་ཐོག་ནས་རྩོད་གཞི་ཐག་གཅོད་བྱེད་པའི་མིག་དཔེ་ཡིན། ཁོ་ལོམ་པི་ཡས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད་ལ་ཕྱོགས་ཁག་གིས་གྲོས་མོལ་བརྒྱུད་ནམ་ཡང་དམག་མཚམས་འཇོག་པ་དང་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཇོག་རྒྱུའི་རེ་བ་ཡང་ཡོད།
གསུམ་ནས། རྒྱུན་མཐུད་འཕེལ་རྒྱས་ལ་བརྟེན་ནས་ཡུན་རིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས། མི་ཚང་མས་མཉམ་སྤྱོད་བྱས་པའི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ནི་གདོང་ཐུག་གི་འབྱུང་རྩ་མེད་པ་བཟོ་བའི་རྩ་བའི་ཐབས་ལམ་ཞིག་རེད། ཁོ་ལོམ་པི་ཡ་སྲིད་གཞུང་གིས“འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བའི”རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་ཕྱོགས་ལ་མཐོང་ཆེན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རོགས་ཟླས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་ཁོ་ལོམ་པི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་ཆེད་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད།
བཞི་ནས། བདེ་འཇགས་ཀྱི་དུས་བབ་མུ་མཐུད་ལེགས་སུ་གཏོང་དགོས། མིག་སྔར། ཁོ་ལོམ་པི་ཡའི་ས་ཁུལ་ཁ་ཤས་ཀྱི་བདེ་འཇགས་གནས་ཚུལ་སྔར་བཞིན་བརྟན་པོ་མེད་པ་དང་། དྲག་ཆས་ཚོགས་པས་གདོང་ཐུག་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ་སྔར་བཞིན་དམག་རྒྱག་བཞིན་ཡོད། ཁོ་ལོམ་པི་ཡ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཅུང་ཞན་པའི་ས་ཁུལ་དུ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་དྲག་ཆས་ཚོགས་པ་དང་དྲག་ཤུགས་རྩ་འཛུགས་ལ་དམིགས་སའི་རང་བཞིན་གྱི་སྲིད་ཇུས་བཟོ་བ་དང་འབྲེལ་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་སེར་དང་ལྷག་པར་དུ་བུད་མེད་དང་། བྱིས་པ། ཨ་ཧྥེ་རི་ཁའི་མི་རྒྱུད་ཀྱི་གྲོང་མི་ཚོར་སྲུང་སྐྱོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་བཅས་རེད།