དབུ་ཤོག>གསར་འགྱུར།
  • རྒྱ་ཡིག་སློབ་ཚན་2024ལོར་དབྱི་རན་གྱི་རྒྱལ་དམངས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག་ཏུ་འཇུག་གི་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-01-17

    ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་དབྱི་རན་གྱི་རྒྱལ་ཁབ་སློབ་གསོའི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱུང་བར། དབྱི་རན་གྱིས་2024ལོ་ནས་བཟུང་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ནང་རྒྱ་ཡིག་དང་ཨུ་རུ་སུའི་སྐད་ཡིག་སོགས་ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་མང་དུ་གཏོང་གི་ཡོད་པ་རེད།

    དབྱི་རན་རྒྱལ་ཁབ་སློབ་གསོའི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་ནི་དབྱི་རན་གྱི་རྒྱལ་དམངས་སློབ་གསོའི་འཆར་གཞི་དང་སྲིད་ཇུས་བཟོ་བར་འགན་འཁུར་མཁན་གྱི་དབང་གྲགས་ལྡན་པའི་སྒྲིག་གཞི་ཞིག་རེད། ཨུ་ཡོན་ལྷན་ཁང་དེའི་དྲུང་ཡིག་ཁྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོ་ནས་བཟུང་ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་ཁག་6དབྱི་རན་གྱི་སློབ་འབྲིང་སློབ་མས་གདམ་གསེས་བྱེད་པར་མཁོ་འདོན་བྱ་རྒྱུ་ཡིན་པ་དེ་དག་ནི་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སེའི་སྐད་ཡིག ཨུ་རུ་སུའི་སྐད་ཡིག ཨ་རབ་ཀྱི་སྐད་ཡིག འཇར་མན་གྱི་སྐད་ཡིག་བཅས་རེད། ཞིབ་ཕྲའི་སློབ་ཁྲིད་ཀྱི་རྩ་གནད་དང་འཆར་གཞི་སོགས་བཟོ་བཞིན་ཡོད་པ་རེད། མིག་སྔར་དབྱི་རན་གྱི་སློབ་འབྲིང་གི་སློབ་གསོའི་ཁྲོད་དབྱིན་ཡིག་དང་ཧྥ་རན་སེའི་སྐད་ཡིག་རིགས་གཉིས་ལས་མེད།

    དབྱི་རན་སློབ་མའི་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར། ཚེས་3ཉིན་དབྱི་རན་གྱི་སློབ་གསོ་པུའུ་ཀྲང་ནུའུ་ལི་ཡིས། གོ་ལ་ཧྲིལ་པོར་ཀྲུང་གོའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་དབྱི་རན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་ཆབས་ཅིག་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས་སྔར་བས་འཕྱུར་རྒྱུ་རེད། 2024ལོ་ནས་བཟུང་རྒྱ་ཡིག་སློབ་ཚན་དབྱི་རན་གྱི་རྒྱལ་དམངས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག་ནང་འཇུག་རྒྱུ་ནི་དབྱི་རན་གྱི་སློབ་མར་རྒྱ་ཡིག་སློབ་སྦྱོང་བྱེད་པའི་དགོས་མཁོ་བསྐང་ཆེད་རེད་ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།