ཀྲུང་གོའི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་གསར་པར་ནུས་པ་ཐོན་པ།
འདི་ནི་2022ལོའི་ཟླ་3ཚེས་7ཉིན་ཅང་སུའུ་ཧོའེ་ཨན་གྱི་ཁྲིམས་དཔོན་གྱིས་གྲོང་མིར་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》2023ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་ཞིང་། དེའི་ནང་གི་དོན་ཚན་ནི་བུད་མེད་ལ་སྲུང་སྐྱོང་དེ་བས་མང་བ་དང་ཁོང་ཚོའི་ཁེ་དབང་ལ་བརྩི་འཇོག་བྱ་རྒྱུ་མ་ཟད་ཁོང་ཚོར་མཐོང་ཆུང་བྱེད་རིགས་སྣ་ཚོགས་མེད་པར་བཟོ་བར་དམིགས་པ་ཞིག་རེད།
སྲོལ་ཡིག་ནང་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་དེ་བས་མང་བ་གཏོང་བའི་བླང་བྱ་བཏོན་པ་དེ་གཙོ་བོ་ངལ་རྩོལ་ཁྱབ་ཁོངས་ཏེ། གདན་ཞུ་དང་། བསྡུ་ལེན། གོ་གནས་སྤོར་བ་བཅས་དང་ཕྱིར་འབུད་ཀྱི་བརྒྱུད་རིམ་ཁྲོད་ལུས་རྟེན་ལ་མཐོང་ཆུང་བྱེད་མི་རུང་བ་དེ་རེད།
གཞན་ཡང་བཅའ་ཁྲིམས་དེའི་ནང་བུ་བཙའ་དང་འབྲེལ་བ་ཡོད་པའི་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་བ་དང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ལ་ལྟ་རྟོག་བྱེད་དགོས་པ་མ་ཟད། ད་དུང་སྦྲུམ་མ་དང་ཕྲུ་གུ་བཙས་རྗེས་ཀྱི་བུད་མེད་ཀྱི་ལས་ཞུགས་ལ་སྲུང་སྐྱོང་ཀྱང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
བཅའ་ཁྲིམས་དེའི་ནང་སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་ཁག་མཐུན་སྦྱོར། སྤྱི་ཚོགས་ཞུགས་པ་བཅས་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྔོན་འགོག་དང་ཐག་གཅོད་བྱེད་པའི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ནང་གྲོང་གསེབ་བུད་མེད་ཀྱི་ས་ཞིང་དང་ཁང་ས་སོགས་ཀྱི་ཁེ་དབང་སྲུང་སྐྱོང་ཐད་བཟོ་བཅོས་ཆེན་པོ་བརྒྱབ་ནས་གྲོང་གསེབ་བུད་མེད་ཀྱི་འབྲེལ་ཡོད་ཁེ་དབང་སྲུང་སྐྱོང་ལ་དེ་བས་ནུས་ལྡན་དང་དེ་བས་བཀོལ་སྤྱོད་ཀྱི་རང་བཞིན་ལྡན་ཡོད།
ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། དུས་རབས་གསར་པའི་བུད་མེད་ལས་དོན་གྱི་ཁྱད་ཆོས་དང་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། 2022ལོའི་ཟླ་10ཚེས་30ཉིན་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
—— ལ་ཏིང་མེ་གླིང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།