དབུ་ཤོག>གསར་འགྱུར།
  • གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2023-01-01

    གཙོ་གནད་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ལས་དོན་ཁག་སྤྱི་འདོམས་དང་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་ཡིན། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་གཙོ་གནད་མངོན་གསལ་དོད་པ་དང་འགག་རྩར་དམ་འཛིན་བྱས་ནས་རྩ་བ་བཟུང་ན་ཡན་ལག་ལས་ཀྱིས་ཐོན་པའི་རྩོད་སྒྲུབ་རིག་པ་མངོན་པར་བྱེད་དགོས་ཞེས་བཏོན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཡོངས་བློ་ལ་བཅངས་ནས་འགལ་ཟླ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱས་ཏེ་འགག་རྩའི་ཁྱབ་ཁོངས་འགག་སྒྲོལ་བྱས་ནས་ཕྱོགས་བསྡུས་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས།

    སང་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཡིན། སྣེ་མང་རྙོག་འཛིང་ཆེ་བའི་སང་ལོའི་དཔལ་འབྱོར་ལས་དོན་ལ་དམིགས་ཏེ། ངེས་པར་དུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་དང་འགག་རྩའི་ལྷུ་ཚིགས་གལ་ཆེན་ལ་དམ་འཛིན་བྱས་ནས་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས།

    རྣམ་གྲངས་ནི་མ་འཇོག་གི་གཞི་རྟེན་ཡིན་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བའི་ཁ་ཚ་དགོས་གཏུག་གི་ལས་དོན་ཡིན་ལ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བའི་ཕུགས་ཀྱི་ཐབས་ཇུས་ཤིག་ཀྱང་ཡིན། སང་ལོ་ནི་མ་འཇོག་ལ་དམ་འཛིན་ནན་པོ་བྱེད་པའི་དོན་འཁྱོལ་ལོ་ཞིག་ཡིན་པས། གཞི་ཚུགས་ས་བཙལ་འཚོལ་དང་། ཤུགས་རྒྱག་ས་ཁ་གསལ། འགག་རྩའི་གནས་མངོན་པ་བཅས་བྱས་ཏེ། མ་འཇོག་གི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཚོང་འགུགས་རྣམ་གྲངས་ཐད་འཆར་འགོད་ལ་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ཐད་ལས་འགོ་འཛུགས་པར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཐད་མྱུར་ཚད་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཐད་ཐོན་སྐྱེད་བྱེད་འགོ་ཚུགས་པར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་ཐད་བཅོས་སྒྲིག་ལ་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ཐད་ཕན་འབྲས་ལ་དམ་འཛིན་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཐད་མིག་སྔར་གསོན་ཤུགས་ཀྱིས་ཁེངས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས།

    ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དང་འདེགས་སྐྱོར་ཡིན་པས། ངེས་པར་དུ་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་མཐའ་འཁྱོངས་དང“ཐོན་ལས་ཆེན་པོ་བདུན”གྱི་བཀོད་པ་ལྟར། ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་བསྡུ་སྒྲིལ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་བཏང་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གྲངས་འབོར་མང་དུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་དགོས་ལ། ཞན་ཆ་སེལ་བ་དང་། ལེགས་ཆ་མངོན་པ། རྨང་གཞི་བརྟན་གཏོང་བཅས་ལ་དམ་འཛིན་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོཌ་མྱུར་སྐྲུན་དགོས།

    མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་། མི་སེམས་གཏད་ཕྱོགས་ནི་གདེང་སྤོབས་ཆེ་ཤོས། མི་སེམས་བརྟན་པོ་ཡོང་བ་ནི་བརྟན་ལྷིང་ཆེ་ཤོས་བཅས་ཡིན། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་པར། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལས་ཞུགས་ལས་གཏོད་ཐད་འཕར་ཚད་རྒྱ་ཆེར་གཏོང་བ་དང་། སློབ་གསོའི་བྱ་གཞག་ཐད་སྤུས་མཐོ་ལེགས་སྐྱོང་བྱེད་པ། བདེ་ཐང་བོད་ལྗོངས་ཐད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་བྱ་གཞག་ཐད་དམངས་ལ་ཕན་པ་དང་མི་སེམས་ལ་སྐུལ་མ་ཐེབས་པར་བྱེད་པ། སྡོད་ཁང་འགན་སྲུང་ཐད་བསྐྱར་སྐྲུན་རྒྱས་སྐྲུན་གལ་ཆེ་མཉམ་དུ་འཛིན་པ། སྤྱི་ཚོགས་འགན་སྲུང་ཐད་ཚད་གཞི་མཐོ་རུ་དང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། བདེ་འཇགས་ཐོན་སྐྱེད་ཐད་ཉེན་བརྡ་རྒྱུན་སྒྲོག་བཅས་བྱས་ནས་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    སྒྱུར་བཅོས་སྒོ་དབྱེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་མཆོག་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན། སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་མཚམས་མི་འཇོག་པ་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་པ་དང་། ནང་ངོས་མཐུན་རྐྱེན་བསྐྲུན་པར་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ཁྲོམ་རའི་བར་མཐོངས་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ། དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས། མཐའ་མཚམས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་འགྲོ་བར་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་དགོས།

    ཐབས་ཇུས་བཀོད་སྒྲིག་ཁག་མཐོང་ཐུབ་པ་དང་། རེག་ཐུབ་པ། བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཇུས་གཞི་དང་། གཙོ་གནད་ལས་དོན་ཁག་དང་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་ཚེ། ང་ཚོས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་སྒྲུབ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།