ཟླ་12ཚེས་27ཉིན་འཚོགས་པའི་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། 2022ལོར་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད“བརྟན་པོ་ལྔ་དང་འཕར་སྣོན་ལྔའི”རྣམ་པ་བཟང་པོ་ཐོན་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་ལས་དོན་ལ་འཐབ་འདོན་ཇུས་འགོད་དང་ཕྱོགས་ཡོངས་ནས་འགོ་ཁྲིད་གནང་བ་དང་ཁ་བྲལ་ཐབས་མེད། མངའ་རིས་ས་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧན་ཝུའེ་ཧྲེང་གིས། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་རེད། མངའ་རིས་ས་ཁུལ་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་འགྲོ་ཕྱོགས། བཀོད་སྒྲིག་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”་ནུས་ཤུགས་གཅིག་ཏུ་སྒྲིལ་བ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་བརྗོད།
“ང་ཚོས་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། བརྟན་ལྷིང་གཙོར་བཟུང་གིས་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས‘རྨང་གཞི་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་བྱེད་པ། ཁུལ་གསར་གྱིས་ཁྲིད་སྟོན’བྱེད་པ་བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་ལ་གཞིགས་ནས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ལྷོ་ཁའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་གྱི་ཡིན” ཞེས་ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཀྲའེ་ཁུན་གྱིས་བརྗོད།
2022ལོར་ཆབ་མདོ་གྲོང་ཁྱེར་གྱིས་འགལ་རྐྱེན་སྣ་ཚོགས་བསལ་ཏེ་ཚོང་འགུགས་མ་འདྲེན་དང་རྣམ་གྲངས་འཛུགས་སྐྲུན་སོགས་ལ་ཚད་བརྒལ་གསར་པ་བྱུང་ཡོད། 2022ལོའི་ཟླ་11པའི་བར་ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་117ལག་བསྟར་བྱས་པའི་ནང་མཐུད་སྐྲུན་རྣམ་གྲངས་48དང་གསར་སྐྲུན་རྣམ་གྲངས་69ཡོད་པར་མི་2046ལས་ཞུགས་ཐུབ་ཡོད། དེའི་ཁྲོད་ལྗོངས་ནང་ཁུལ་གྱི་མི་1349ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ལྗོངས་ནང་ཁུལ་གྱི་ངལ་ནུས་གཞན་སྒྱུར་ཡོང་འབབ་སྒོར་ཁྲི་1156.89ཟིན་ཡོད་པ་རེད།
“ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ། ཚོང་འགུགས་མ་འདྲེན་དེ‘འདུ་འགོད་ཨང་དང་པོར’བརྩིས་ནས་དམ་འཛིན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་ཡིན” ཞེས་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཀྲང་ཅིང་ཕུང་གིས་བཤད།
དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན། འགག་རྩ་ནི་ལྗོངས་ཡོངས་བསམ་ཇུས་གཅིག་ཡོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་དཀའ་ངལ་མཉམ་ཁུར་དང་། རྒྱལ་ཁབ་ཆེད་རང་འགན་གཙང་སྒྲུབ། དམངས་ཆེད་ལེགས་སྐྱེས་འབུལ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཚད་ལོན་པའི་རྒྱུགས་ཤོག་ཅིག་འབུལ་དགོས།
“ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། དུས་བབ་ལ་དོན་དངོས་དང་མཐུན་ལ་གནད་ལ་འཁེལ་བའི་དབྱེ་ཞིབ། བཀོད་སྒྲིག་ལས་དོན་གྱི་བྱེད་ཐབས་ནུས་ལྡན་བཅས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྟ་སྐུལ་འགན་སྲུང་ལག་བསྟར་དང་འཕེལ་རྒྱས་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དེ་དངོས་སྒྲུབ་ནུས་ལྡན་གྱི་ལས་ཀའི་བསམ་ཕྱོགས་དང་། བྱ་ཐབས་དང་ཞིབ་ཕྲའི་བྱ་སྤྱོད་དུ་ཏན་ཏིག་སྒྱུར་བ་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་བརྟེན་ནས་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱིའི་དགོངས་གཞི་ནན་པོ་དང་སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རུལ་སུངས་ལ་ཆད་པ་བཅད་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་གྲུབ་འབྲས་འགན་ལེན་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའུ་རིམ་བཞིའི་བརྟག་ཞིབ་པ་ལིའུ་ཆིང་ཞ་ཡིས་བརྗོད།