གཟི་བརྗིད་དང་ཕུགས་བསམ་གྱིས་ཕྱུག་པའི་རྒྱང་ལམ་གསར་པར་ཕྱར་བ་གྲུ་འདེགས་བྱེད་དགོས།
2022ལོ་ནི་སྔ་འཛིན་ཕྱི་གཏོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་ཏེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་གཏན་འཁེལ་བྱས་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་གསལ་བསྒྲགས་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འབད་འཐབ་ཀྱི་དུང་བརྡ་གྲགས་ཡོད། “རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་བསམ་གྱིས་ཕྱུག་པའི་རྒྱང་སྐྱོད་ལམ་བུ་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞིང་དོ་ནན་པའི་གསུང་ཚིག་དང་སྤོབས་སེམས་ཆེ་བའི་གསལ་བསྒྲགས་དེས་ཀྲུང་ཧྭའི་བུ་ཕྲུག་གྲངས་ལས་འདས་པས་རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་སྐྱོད་པ་དང་མ་འོངས་ཕྱོགས་སུ་མགོ་འཕང་མཐོ་པོས་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོས་རླུང་བརྟེན་རླབས་གཤགས་དང་ཤུགས་སྒྲིམ་རྒྱང་སྐྱོད་བྱེད་པར་སྐུལ་འདེད་ཀྱང་བཏང་ཡོད། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་བློ་སྟོབས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། མི་དམངས་དུང་ཕྱུར་མང་པོས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྐྱེ་སྟོབས་ཆེན་པོས་འབད་འབུངས་ཡར་བརྩོན་བྱེད་པ། ཡངས་ཤིང་རྒྱ་ཆེ་བའི་ཀྲུང་གོའི་ས་གཞི་ཆེ་མོར་འབད་འཐབ་བྱས་ཏེ་ཕུགས་བསམ་དོན་གཉེར་བྱེད་པ་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད།
འདི་ལོ་ནི་དྲིན་ཚོར་ཡར་བརྩོན་དང་ངོ་མཚར་བསྐྱར་དུ་གཏོད་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡབ་རྡེག་ལ་ཁ་གཏད་ཧུར་ཐག་བཅག་པ། “འཛུགས་གཏོད་བཞི”ཕྱོགས་ཡོངས་ནས་འགོ་བརྩམས་པ། “མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་བརྟན་པོ་བཏང་བ། གཙོ་གནད་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་བཏང་བ། དམངས་འཚོ་འགན་སྲུང་ཏན་ཏིག་ནུས་ལྡན་བྱས་པ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱས་པ། མཐའ་སྟོབས་མཐའ་བརྟན་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཐུབ་པ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་པ་བཅས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཐད“ལྔ་བརྟན་ལྔ་འཕར”གྱི་རྣམ་པ་བཟང་པོ་མངོན་ཡོད། མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འགག་སྒྲོལ་དཀའ་སེལ་དང་ཉེན་ཁའི་ཁྲོད་ནས་གོ་སྐབས་བཙལ་ནས་ཞུམ་མེད་འབད་འབུངས་བྱས་ཏེ། འབད་འཐབ་ཀྱི་བརྒྱུད་རིམ་ནང་དཀའ་བ་གྲངས་མེད་སྤྱད་ལ། གྲུབ་འབྲས་ལས་སླ་པོར་ཐོབ་པ་ཞིག་མིན་པས། གཅེས་འཛིན་ལྡབ་འགྱུར་བྱེད་འོས་པ་རེད།
ད་ལོ་ནི་ཀུན་སེམས་གཅིག་སྒྲིལ་དང་བདེ་སྡུག་མཉམ་མྱོང་བྱས་པའི་མཐུན་སྒྲིལ་གྱི་ལོ་ཞིག་རེད། སྔར་བྱུང་མྱོང་མེད་པའི་རིམས་འགོག་འཐབ་རྩོད་ཀྱི་ཚོད་བགམ་དེའི་མདུན་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་བཏང་སྟེ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། དཔུང་པ་མཉམ་གཤིབ། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ནས་འཕྲལ་མར་བློ་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་བསྒྲིལ་བ་དང་། སེམས་པ་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ས་མཐོའི་རྣམ་པ་ཞིག་བཏོད་ཡོད། རྒྱལ་ཡོངས་ས་གནས་ཁག་གི་སྨན་དོན་དཔུང་ཁག་གིས་འཕྲལ་མར་རོགས་སྐྱོར་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཤིང་། “བོད་ལྗོངས་ཤུགས་རྒྱོབ”ཅེས་ལྕག་སྐུལ་དང“གངས་ལྗོངས་དུས་བདེ་ཡོང་བའི”སྨོན་འདུན་ཞུས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ང་ཚོས་གང་ལེགས་ཚོར་ཐུབ་ཡོད། འགན་འཁྲི་ཁུར་ཕོད་པ་དང་ཉེན་ཁའི་ཕྱོགས་སུ་སྐྱོད་པའི“ལྡོག་སྐྱོད་པ”ནས་གྲ་སྒྲིག་ཨང་བསར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི“བརྟན་སྲུང་བའི”བར་སྐྱེ་བོ་ཕལ་པས་རླབས་ཆེན་བྱ་གཞག་བཏོད་པ་དང་མི་དམངས་ཁྲོད་ནས་དཔའ་བོ་བྱུང་ཡོད། དེའི་ཐོག་ནས་ས་མཐོའི་བུ་ཕྲུག་གི་བློ་ཁ་ཕྱོགས་ཤུགས་དང་། གོང་བུར་སྒྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་གང་ལེགས་མངོན་ཡོད་ལ། ང་ཚོའི་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པའི་གདེང་ཚོད་དང་ངེས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།
ལོ་གསར་པར་རྣམ་པ་གསར་པ་མངོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་འགོ་ཚུགས་པའི་ལོ་འདིར། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་དེ། དུས་རབས་གསར་པའི་ཕུགས་བསམ་ང་ཚོས་དོན་དུ་གཉེར་དགོས་པ་དང་། འགན་འཁྲི་དང་ལས་འགན་གསར་པ་ང་ཚོས་ཕྲག་ཏུ་འཁུར་དགོས་པ། ལོ་རྒྱུས་ཀྱི་གཟི་བརྗིད་གསར་པ་ང་ཚོས་གཏོད་དགོས། གཟི་བརྗིད་དང་ཕུགས་བསམ་གྱིས་ཕྱུག་པའི་རྒྱང་ལམ་གསར་པར་འབད་འབུངས་བྱེད་པར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱར་གཞིགས་པ། “ཚང་དགོས་པ་གསུམ་པ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་སྒྲིལ་བ། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ང་ཚོས་གཏན་འཁེལ་བྱས་པའི་འབད་འཐབ་ཀྱི་དམིགས་ཚད་ལ་དམིགས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་དམ་པ་དོན་གཉེར་བྱེད་པའི་ངར་ཤུགས་དང་། རླབས་གཤགས་མདུན་སྐྱོད་བྱེད་པའི་ལག་ལེན། འགག་སྒྲོལ་དཀའ་སེལ་བྱེད་པའི་བྱ་སྤྱོད་བཅས་ལ་འགྱུར་བར་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་གིས་ལས་འགན་དང་དམིགས་ཚད་ཁག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
མཐའ་ཡས་རྒྱ་མཚོ་ཆེན་པོ་སྒྲོལ་བར་གྲུ་གཡོར་རླུང་ལ་བརྟེན་དགོས། དེང་གི་བོད་ལྗོངས་སུ་ཡར་ཐོན་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་གཞི་ཡོངས་ནས་མངོན་ཏེ་འབྱུང་འགྱུར་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་མཆིས། མདུན་ལམ་ཇི་ཙམ་ཡངས་ན་ང་ཚོས་དེ་ཙམ་གྱིས་གསར་འབྱེད་བྱེད་དགོས་པ་དང་ཕུགས་བསམ་ཇི་ཙམ་རླབས་ཆེ་ན་ང་ཚོས་དེ་ཙམ་གྱིས་འབད་འཐབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསྐྱར་དར་གྱི་བློ་སྟོབས་ལ་བརྟེན་ནས་རྔམ་བརྗིད་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། བདེན་དོན་གྱི་འོད་སྣང་ལ་བརྟེན་ནས་འབད་འཐབ་ཀྱི་ལམ་བུར་སྐྱོད་པ། དངོས་འཛིན་དངོས་སྒྲུབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། མཉམ་ལས་སེམས་མཐུན་དང་འབད་འབུངས་རྗེས་ཐོན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རླབས་ཆེན་གྱི་རྒྱང་ལམ་ཐོག་གཟི་བརྗིད་དང་ཕུགས་བསམ་གྱིས་ཁེངས་པའི“བོད་ཀྱི་ལེའུ”ཞིག་རྩོམ་དགོས།