དབུ་ཤོག>གསར་འགྱུར།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པའི་ཐོག་འབད་འབུངས་མདུན་སྐྱོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-28

    གནས་ཚུལ་གང་རུང་རྒྱུས་ལོན་མ་བྱས་ན་དེའི་དཀའ་ངལ་རྟོགས་མི་ཐུབ།

    ལོ་མཇུག་ལ་སླེབས་ནས་ཕྱིར་དྲན་ཞིག་བྱེད་སྐབས། བྱ་བ་གསར་པ་མང་དག་ཞིག་ལས། ས་མཐོའི་བུ་ཕྲུག་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱེད་པའི་ཁྲོད་ཀྱི་ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་བྱེད་པ་ཟིན་ཐོར་འགོད་ཡོད་པ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་རེ་རེ་ལས་ས་མཐོའི་ས་གཞི་ཆེ་མོར་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྟར་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་རིང་གི་འགན་འཁྲི་འཁུར་སེམས་དང་། བྱས་རྗེས་འཇོག་པ། ཡིད་ཆེས་དང་གསོན་ཤུགས་བཅས་མངོན་པ། གཟེངས་སུ་ཐོན་པའི་གྲུབ་འབྲས་རེ་རེ་ལས་རང་ལྗོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་གསོན་ཉམས་དོད་པའི་ལག་ལེན་གསལ་འགྲེལ་བྱས་ཡོད།

    ནུས་པ་སྔོན་གྲབས།

    དཀའ་ངལ་སེལ་བ་དང་ཁེ་ལས་ལ་རོགས་རམ་བྱས་ནས་ཡིད་ཆེས་ཆེ་རུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ།

    “སུ་ལ་ཁ་གསབ་སྤྲོད་པ”ནས“ཁ་གསབ་ཇི་ཙམ་སྤྲོད་པའི”བར་དང་། དེ་ནས“ཁ་གསབ་ཇི་ལྟར་སྤྲོད་པ”བཅས་གཙོ་གནད་དུ་ཐག་གཅོད་བྱེད་པ་ལ་སོགས།

    ཟླ་9པའི་ཟླ་མཇུག་ཏུ་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་གནས་སྐབས་རང་བཞིན་གྱི་བྱེད་ཐབས་ཁག་29 “གྲོགས་ཚོམས”སུ་གླེང་མང་ཤོས་སུ་གྱུར་ནས་སྤྱི་ཚོགས་ལས་རིགས་ཁག་གིས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    འདི་ལོ་རྒྱལ་དམངས་དཔལ་འབྱོར་ལ་ནུས་པ་གཙོ་བོ་འདོན་མཁན་ཞིག་དང་ལས་ཞུགས་ཀྱི་དགོས་མཁོ་གཙོ་བོའི་ངོས་ནས། ཁྲོམ་རའི་བྱེད་པོ་སྣ་ཚོགས་དང་ལྷག་པར་དུ་འབོར་ཚད་ཆེ་ལ་ཁྱབ་རྒྱ་ཆེ་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་དཀའ་ངལ་མང་པོ་ཕྲད་ཡོད།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མདུན་ཕྱོགས་སུ་ཞབས་འདེགས་ཞུས་ཏེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་སྦབ་ཆ་གཅིག་དངོས་འབྲེལ་དོན་འཁྱོལ་དང་དོན་འཁྱོལ་མྱུར་པོ་བྱས་ནས་ཁྲོམ་རའི་བྱེད་པོས“རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི”ཡོངས་སུ་འཁུར་བ་དང་ཆབས་ཅིག“སྲིད་ཇུས་ཀྱི་ཕན་པ”ལོངས་སྤྱོད་གང་ལེགས་བྱས་ཡོད།

    ཆབ་མདོ་ཁུལ་གསར་དུ་ཐོག་ཁང་སྐྲུན་བཞིན་ཡོད་པ་དང་འཕྲུལ་འཁོར་གྱི་འུར་སྒྲ་སྒྲོག་ལ། བཅའ་སྡོད་ཁེ་ལས་ཀྱིས་མྱུར་ཚད་ལ་དམ་འཛིན་དང་ལས་དུས་ལ་བྲེལ་བཞིན་ཡོད་པས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པ་གསར་འགོད་པས་མཐོང་བྱུང་། “ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་བརྟན་གཏོང་གི་དཔྱ་ཁྲལ་ཕྱིར་སློག་དང་། ཁྲལ་རིན་གཉིས་གཅོག སྤྱི་ཚོགས་འགན་བཅོལ་འགྱངས་འཇལ། ཐེངས་གཅིག་རང་བཞིན་གྱི་ལས་ཉར་གསོ་སྦྱོང་ཁ་གསབ། ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་རྒྱ་ཆེར་གཏོང་བའི་ཁ་གསབ་སོགས་ཁེ་ལས་ལ་ཕན་པ་འདོགས་པའི་སྲིད་ཇུས་ལ་དམིགས་ནས་ང་ཚོས་ཆེད་མངགས་གྲོང་ཁྱེར་མི་སྤྱི་ཅུས་དང་། ཁྲལ་དོན་ཅུས། དངུལ་རྩའི་སྒྲིག་གཞི་སོགས་ཚན་པའི་ལས་དོན་མི་སྣ་གདན་དྲངས་ནས་གསལ་འགྲེལ་ཞིབ་ཕྲ་བྱས་ནས་ཁེ་ལས་ཀྱིས‘སྲིད་ཇུས་ཤེས་པ་དང་། རེ་ཞུ་ཐུབ་པ། ལོངས་སྤྱོད་ཐུབ་པ’བཅས་འགན་ལེན་བྱས་ཡོད”ཅེས་ཆབ་མདོ་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དོ་དམ་ཨུ་ལྷན་གྱི་རིམ་པ་གསུམ་པའི་བརྟག་ཞིབ་པ་ཁྲེན་ཀྲེན་གོ་ཡིས་བཤད།

    རྩེ་རིམ་ཇུས་འགོད་དང་ཚུགས་གནས་མཐོ་པོས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ཁེ་ལས་ལ་ཕན་པ་འདོགས་པ་ཕུད། རང་འགུལ་ངང་ཕྱིར་བསྐྱོད་ནས་ཚོང་ལམ་འཚོལ་བ་དེའང་རང་ལྗོངས་ཀྱིས་ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ། དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་རུ་འགྲོ་བ་བཅས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་སྟོད་ཁོ་ནར། རང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་2853ཟིན་པ་དང་། དངོས་སུ་མ་དངུལ་སྒོར་དུང་ཕྱུར་322དོན་འཁྱོལ་ཐུབ་ནས་རྣམ་གྲངས་900ཙམ་ལག་བསྟར་བྱས་ཡོད།

    འབེན་ཡོད་སར་ཤུགས་འདོན་པ།

    ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཀྱི་གཞི་གདན་བརྟན་དུ་གཏོང་བ།

    “སློབ་ཐོན་དུས་ཚིགས་དེ་ངའི་ངོས་ནས་བརྗོད་ན་བརྗེད་དཀའ་བ་ཞིག་རེད། ལས་ཞུགས་ཐད་དཀའ་ངལ་མང་པོ་ཕྲད་བྱུང་། འོན་ཀྱང་ང་ཚོས་ཕྱོགས་གང་ཅིའི་ཐད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་ཚོར་བྱུང”ཞེས་འདི་ལོ་སློབ་གྲྭ་ཐོན་མ་ཐག་པའི་ཟླ་བ་མེ་ཏོག་གིས་བཤད། ཟླ་9ཚེས་6དང་13ཉིན“རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤེས་ལྡན་པའི་དྲ་ཞུགས”ཀྱི་བོད་ཀྱི་ཆེད་དོན་གདན་ཞུའི་ལས་སྟེགས་སུ་སྤེལ་བའི་དྲ་ཐོག་གི་ཐད་གཏོང་ལས་འཚོལ་གྱི་བྱེད་སྒོར་ཟླ་བ་མེ་ཏོག་གིས་དྲ་ཐོག་གི་གདན་ཞུའི་བྱེད་སྒོ་ནས་བློ་ལ་བབས་པའི་ལས་གནས་ཤིག་བཙལ་ཡོད།

    རྣམ་གྲངས་གལ་ཆེན་ལ་བརྟེན་ནས་ལས་ཀར་བསྡུ་ཤུགས་ཆེ་རུ་བཏང་སྟེ་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་པ་རྒྱ་ཆེར་བཏང་ནས་ཁ་གཏད་བོད་སྐྱོར་དང“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”ལེགས་ཆ་འདོན་སྤེལ་དང་དབུལ་གྲོལ་མང་ཚོགས་ཀྱི་ལས་ཞུགས་ལ་ཁྲིད་སྟོན་ཧུར་ཐག་བྱ་ཆེད། མིག་སྔར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་ཕྱིར་གླ་པར་སྐྱོད་མཁན་གྱིས་ལོ་ཧྲིལ་པོར་མི་ཁྲི་20ལས་ཞུགས་གཞན་སྒྱུར་བྱེད་པའི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་དང་། ལྷོ་ཁས་ལས་ཞུགས་བརྟན་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་ལས་བསྡུ། སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་འགྱངས་འཇལ་སྲིད་ཇུས་དོན་འཁྱོལ་བྱེད་པ་སོགས་ཀྱི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། ཆབ་མདོས་ལོ་འདི་གའི་སློབ་ཐོན་སློབ་མའི་གཞི་རྩའི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད། སློབ་ཐོན་སློབ་མ་པད་མ་དབང་འདུས་ལ་ཐེངས་གཅིག་ལ་ལས་གཏོད་ཁ་གསབ་མ་དངུལ་སྒོར་ཁྲི་6རག་པ་དང་ཆབས་ཅིག་རི་བོ་ཆེ་རྫོང་མི་སྤྱི་ཅུས་ཀྱི་རོགས་རམ་འོག རི་བོ་ཆེ་རྫོང་བོད་ཤར་ཀླུ་ཐུག་བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས་རང་ཉིད་ཀྱི་ལས་གཏོད་ལམ་བུ་འགོ་ཚུགས་ཡོད།

    མཛེས་སྡུག་ལྡན་པའི་རི་མོ།

    གྲོང་གསེབ་དར་རྒྱས་ཀྱི་ཚོན་མདོག་བཀྲ་བར་བྱེད་པ།

    “གྲུབ་འབྲས་ཐོབ་མཚམས་སུ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་མོད། འོན་ཀྱང་རིམ་པ་ཁག་གིས་ཐབས་བརྒྱ་ཇུས་སྟོང་བྱས་ནས་ཐོན་ལེགས་བྱུང་བའི་ནས་བསྡུ་རོགས་བྱས་པ་དེ་དག་ཚང་མ་ནི་ཏང་གི་འགོ་ཁྲིད་བཟང་པོ་ལས་ཕན་པ་ཐོབ་པ་ཞིག་རེད ”ཅེས་རང་ཉིད་ཀྱི་བྱུར་བུར་བཏུམས་པའི་འབྲུ་མཛོད་ལ་ལྟ་བཞིན་སྐྱིད་གྲོང་རྫོང་ཕུ་ལག་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཀྱིས་བཤད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་2022ལོའི་འབྲུ་རིགས་ཐོན་འབབ་ཀྱི་གྲངས་གཞིའི་སྐོར་གྱི་སྤྱི་བསྒྲགས་ལ་གཞིགས་ན། 2022ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་སླར་ཡང་ཟིན་ཐོ་གསར་པ་བཏོད་ནས་ཏུན་ཁྲི་107.3ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་1.15འཕར་ཡོད།

    རྒྱལ་ཁབ་ནི་དམངས་རྩ་བར་འཛིན་པ་དང་ཟས་ནི་མི་ཡི་འཚོ་རྟེན་རེད། ལག་ནང་གི་ཕོར་པ་དམ་པོར་བཟུང་བ་དང་ཆབས་ཅིག་ས་མཐོའི་བུ་ཕྲུག་ལ་ཡིད་ཆེས་དང་། ལ་རྒྱ། འཇོན་ཐང་བཅས་ལྡན་པས་གྲོང་གསེབ་དར་རྒྱས་ཀྱི་ཚོན་མདོག་བཀྲ་བར་བྱས་ཡོད།

    བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་དུ་སྐྱོད་སྐབས་རྒྱ་ཆེ་ལ་གྲལ་འགྲིག་པའི་ཁྲོམ་གཞུང་དང་རིམ་པ་སྟར་ཆགས་བཞིན་གྱི་མོན་པའི་ཉམས་འགྱུར་ལྡན་པའི་ཁང་པ་དང་། བཟོ་ལྟ་སྣ་ཚོགས་ཀྱི་ཚོང་ཁང་། འགྲོ་འོང་རྒྱུན་ཆད་མེད་པའི་རླངས་འཁོར་དང་རྒྱ་ལམ་འགྲུལ་པ་སོགས། དེང་རབས་ཅན་གྱི་གྲོང་རྡལ་ཆུང་ངུ་གསར་པ་ཞིག་མིག་མདུན་དུ་འཆར། “སྒོ་ར་སྒྱུར་བཀོད་ནི་འདི་ལོ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་ཤིག་ཡིན་པ་དང་ཁྱིམ་དུད་ཚང་མས་སྒྲུབ་ཀྱི་ཡོད”ཅེས་གྲོང་མི་དབང་གྲགས་ཀྱིས་བཤད། རྣམ་གྲངས་བསྐྲུན་རྗེས་གྲོང་ཚོའི་རྣམ་པ་སྤྱི་ཡོངས་ནས་ལེགས་སུ་འགྲོ་བ་མ་ཟད། ད་དུང་མང་ཚོགས་གྲོང་གསེབ་ཡུལ་སྐོར་ལས་རིགས་ལ་ནང་ཞུགས་རྒྱུར་རྨང་གཞི་འདིང་ཐུབ།

    རང་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སྒྲིག་དང་ལེགས་སུ་བཏང་བས་ཉམས་བཟང་རིམ་བཞིན་མངོན་པ་དང་། དུས་རྒྱུན་གྱི་བྲེལ་འཚུབ་ཆེ་བའི་རྣམ་པ་སླར་ཡང་མངོན་པ་དང་ལས་ཐོན་བསྐྱར་ཚུགས་ཀྱི་གོམ་སྟབས་རིམ་བཞིན་མགྱོགས་སུ་ཕྱིན་ཡོད། དྲིན་ཚོར་གྱི་བསམ་པ་འཆང་བཞིན་འབད་འབུངས་མདུན་སྐྱོད་བྱེད་པའི་ས་མཐོའི་བུ་ཕྲུག་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གྲུབ་འབྲས་བྱ་སྤྱོད་དངོས་ལ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།