དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་རོལ་དབྱངས་མཉམ་དུ་དཀྲོལ། འབྱོར་འབྲིང་གླུ་དབྱངས་མཉམ་དུ་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-18

    གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི་ལོ་59ལ་སླེབས་པའི་ཧུད་རིགས་ཨ་ཁུ་མཱ་པིན་ལིན་ལ་ཡུལ་མི་ཚོས་བརྩེ་བ་ཆེན་པོས“ཨ་ཕ”ཞེས་འབོད་ཀྱི་ཡོད་ཅིང་། ཁོང་ནི་ཕུ་སྣ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་བདེན་དཔང་བ་ཞིག་ཡིན་ལ་དངོས་སུ་ཞུགས་མཁན་ཞིག་ཀྱང་རེད།

    2006ལོར་དུད་ཚང་དབུལ་པོ་45ཡི་མང་ཚོགས་187ཕྱོགས་བཞི་མཚམས་བརྒྱད་ནས་ཕུ་སྣའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་དང་། 2008ལོར་ཕུ་སྣ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ལྷན་གྱི་སྒོ་བྱང་བཀལ། རྒྱལ་ལམ་གྱི་ལེགས་ཆར་བརྟེན་ནས་ཕུ་སྣ་གྲོང་ཚོའི་གྲོང་མིས་ཚོང་རྒྱག་འགོ་ཚུགས་ནས་ཚོང་ཁང་དང་། ཇ་ཁང་། ཟ་ཁང་བཅས་གཉེར། དུས་མཚུངས་མི་རིགས་ཁག་གི་ལས་གཏོད་པ་ཁག་དང་ཁག་ཕྱོགས་བཞི་མཚམས་བརྒྱད་ནས་ཕུ་སྣར་འབྱོར་ཞིང་། ཚང་མས་ས་གཞི་དེའི་ཐོག་ཕན་ཚུན་ལྟ་སྐྱོང་དང་བདེ་སྐྱིད་འཚོ་བ་གཏོད།

    2006ལོར་མཱ་པིན་ལིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནས་ཕུ་སྣ་གྲོང་ཚོར་ཡོང་སྟེ་རླངས་འཁོར་ཉམས་བཟོ་ཁང་ཞིག་གཉེར་རྩིས་བྱས་མོད། འོན་ཀྱང་མ་དངུལ་མི་འདང་བའི་རྐྱེན་གྱིས་མཱ་པིན་ལིན་གྱིས་ཁྱིམ་མཚེས་ཀྱི་ས་ནས་དངུལ་གཡར་རྒྱུའི་ཚོད་ལྟ་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ཡུལ་མི་ཚོས་ཁོང་ལ་མ་དངུལ་གྲབས་གསོག་བྱེད་རོགས་བྱས་པ་མ་ཟད། ད་དུང་ས་ཆ་འདེམས་པ་དང་། ཡོ་བྱད་ཉོ་བ། ཚོང་གཉེར་བྱེད་རོགས་བཅས་བྱས་པས་རླངས་འཁོར་ཉམས་བཟོ་ཁང་གི་ཚོང་ཉིན་རེ་བཞིན་ཡག་ཏུ་ཕྱིན། དེས་ན་མཱ་པིན་ལིན་གྱིས་ཀྱང་ཡུལ་མི་ཚོའི་བཀའ་དྲིན་ནམ་ཡང་མི་བརྗེད་པར་སུ་ལ་དཀའ་ངལ་འཕྲད་ཚེ་རྟག་ཏུ་རོགས་སྐྱོར་བྱེད་ཅིང་། ལོ་10ལྷག་ཙམ་རིང་རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་དུད་ཚང་10དང་ས་གནས་དེ་གའི་སློབ་ཆེན་སློབ་མ་དབུལ་པོ་8ལ་རོགས་སྐྱོར་བྱས།

    མཱ་པིན་ལིན་ལ“རིན་སྤུངས་རྫོང་བྱེ་བ་ཤང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོང་དུད”དང་། “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ།

    མཱ་པིན་ལིན་གྱི་གཏམ་རྒྱུད་ནི་རིན་སྤུངས་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྡུས་རིས་ཙམ་ཞིག་རེད།

    2017ལོར་ཕུ་སྣ་གྲོང་ཚོར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”གྱི་མཚན་སྙན་གནང་བ་དང་། 2019ལོར་བྱེ་བ་ཤང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད། 

    ད་ཆ་ཏང་གི་དམངས་ཕན་སྲིད་ཇུས་ཁག་ལས་ཕན་པ་ཐོབ་པའི་ཁར་ཕུ་སྣ་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཚང་མའི་འཚོ་བ་ཉིན་རེ་བཞིན་གྲ་རྒྱས་སུ་འགྲོ་བཞིན་ཡོད། 2018ལོར་ཕུ་སྣ་གྲོང་ཚོ་གྲོང་ཚོ་དབུལ་པོ(གྲོང་ལྷན)ནས་ཕྱིར་འཐེན་བྱས་པ་དང་། 2021ལོའི་ལོ་མཇུག་ཏུ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12846ཟིན་ནས་གྲོང་མི་དེ་བས་མང་བས་འཇིབ་ཆུང་དང་ཟོག་འདྲེན་རླངས་འཁོར་ཉོས་པ་མ་ཟད། ཐ་ན་ལས་གྲྭའི་རླངས་འཁོར་ཆེ་གྲས་སོགས་ཉོས་ནས་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད།

    ཉེ་དུས་ཕུ་སྣ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། གྲོང་སྡོད་ལས་དོན་རུ་ཁག ཞིང་འབྲོག་པ་ཏང་ཡོན། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་ཀྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གྲོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་པ་རེད།

    མཱ་པིན་ལིན་གྱིས་ཀྱང་རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་པ་ཁྱིམ་མཚེས་ལ་སེམས་ནང་གི་སྐད་ཆ་ཡང་ཡང་ཤོད་པ་དང་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱས་ཤིང་། “མིག་སྔར་ཕུ་སྣ་གྲོང་ཚོས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱེད་བཞིན་ཡོད་པས་སྲང་ལམ་གྱི‘བཙོག་ཟིང་ཞན་གསུམ’སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་། འཐུང་ཆུའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་འཐུང་ཆུའི་དགོས་མཁོ་སྐོང་ཐུབ་རྒྱུ། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་རྣམ་གྲངས་ལག་བསྟར་བྱས་ནས་ཚང་མའི་ཡོང་འབབ་ཇེ་མང་དུ་འགྲོ་རྒྱུ་བཅས་རེད”ཅེས་བཤད།

    མཱ་པིན་ལིན་གྱི་སྐད་ཆ་ཉན་རྗེས་གྲོང་མི་སྐྱིད་འཛོམས་ཀྱིས“ཏང་ཀྲུང་དབྱང་གིས་ང་ཚོ་མི་སེར་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་སྔར་བས་ཚོར་བྱུང་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ངའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བཤད།

    མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཕུ་སྣ་གྲོང་ཚོའི་མང་ཚོགས་ཚོས“ང་ཚོས་མུ་མཐུད་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཡར་ཀླུང་གཙང་པོའི་ངོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གསོ་སྐྱོང་ཡག་པོ་བྱེད་པ་དང་། ‘ཕུ་སྣའི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཆེན་པོ་མཉམ་དུ་སྐྲུན་པའི’མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མཐོན་པོར་ལེན་གྱི་ཡིན”ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།