ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། ཟླ་12ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས《ཏོག་གསར་གློ་ཚད་འགོག་པའི་ནུས་པ་ཆེ་རུ་གཏོང་བའི་རིམས་འགོག་ཁབ་སྣོན་གཉིས་པ་རྒྱག་པའི་ལག་བསྟར་ཇུས་གཞི》བཀྲམ་པ་རེད།
《ཇུས་གཞིའི》ནང་བསྟན་དོན། ད་ལྟའི་དུས་མཚམས་སུ། རིམས་འགོག་ཁབ་སྣོན་དང་པོ་བརྒྱབ་པའི་རྨང་གཞིའི་ཐོག ནད་དུག་འགོ་ཉེན་ཆེ་བའི་མི་ཚོགས་དང་། ལོ་60ཡན་གྱི་རྒན་རྒོན། གཞི་ནད་ཚབས་ཆེན་ཡོད་པའི་མི་ཚོགས། ནད་འགོག་ནུས་པ་ཞན་པའི་མི་ཚོགས་བཅས་ལ་རིམས་འགོག་ཁབ་སྣོན་གཉིས་པ་རྒྱག་པར་ཤུགས་སྣོན་རྒྱག་དགོས།
《ཇུས་གཞིའི》ནང་བསྟན་དོན། རང་རྒྱལ་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིམས་འགོག་ཁབ་སྣོན་གཉིས་པ་དང་དང་པོ་བརྒྱབ་པའི་དབར་དུས་ཡུན་ཟླ་བ་དྲུག་ཡན་འཇོག་དགོས།
《ཇུས་གཞིའི》ནང་བསྟན་དོན། ས་གནས་ཁག་གིས་མུ་མཐུད་ནས་བདེ་འཇགས་ངང་སྨན་ཁབ་རྒྱག་རྒྱུ་ཨང་དང་པོར་བཞག་སྟེ《སྔོན་འགོག་སྨན་ཁབ་རྒྱག་པའི་ལས་ཀའི་ཚད་གཞིའི》བླང་བྱར་ནན་པོ་གཞིགས་ནས། སྨན་ཁབ་རྒྱག་པའི་སྒྲིག་འཛུགས་ཚད་ལྡན་བཟོ་དགོས།