དབུ་ཤོག>གསར་འགྱུར།
  • ཐོན་ལས་ཐད་གཉིས་འཕར་བྱུང་ནས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-15

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ཞིང་འབྲོག་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཐོན་ལས་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། ཤེས་དཔལ་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་ཐབས་དངོས་ལ་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་སྔར་བས་མཐོ་རུ་བཏང་བས་གྲོང་ཚོ་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།

    ཐོན་ལས་སྟོབས་ཆེར་བཏང་ནས་དར་རྒྱས་ཀྱི“རྨང་གཞི”བརྟན་དུ་བཏང་བ།

    སྟོན་དུས་སུ་ཉི་འོད་རབ་ཏུ་འཚེར་ཞིང་། ཤ་ཤེད་རྒྱས་པའི་འབྲི་གཡག་གཟན་རྩྭ་བཟའ་བཞིན་ཡོད་པ་དང་ཕྱུགས་རྫི་བ་པ་སངས་དབང་འདུས་ཀྱིས་འགྱིག་ལྷམ་གྱོན་ནས་ཕྱུགས་རའི་ནང་གཙང་སྦྲ་ནན་ཏན་བྱེད་བཞིན་མཆིས། འདི་ག་ནི་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གླིང་གཞི་སྡེ་ཁུལ་གྱི་འབྲི་གཡག་དུས་ཐུང་རྒྱགས་གསོའི་རྟེན་གཞི་ཞིག་ཡིན་ལ་གླིང་གཞི་སྡེ་ཁུལ་མང་ཚོགས་ཀྱི“ཕྱུག་འགྱུར་གླིང”ཞིག་ཀྱང་རེད།

    ཁྱད་ལྡན་གསོ་ཚགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྣ་དཀར་རྩེ་རྫོང་གིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བསྡུ་སྒྲིལ་བྱས་ཏེ་གླིང་གཞི་སྡེ་ཁུལ་དུ་འབྲི་གཡག་དུས་ཐུང་རྒྱགས་གསོའི་རྟེན་གཞི་བསྐྲུན་ནས“རྟེན་གཞི་དང་། གྲོང་ཚོའི་མཉམ་སྡེབ། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་བརྒྱུད་སྡེ་ཁུལ་མང་ཚོགས་ལ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    “སྡེ་ཁུལ་གྱི་མང་ཚོགས་10ལྷག་ཙམ་རྟེན་གཞིར་ལས་ཞུགས་ཐུབ་པ་དང་མི་རེར་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོད། 2021ལོར་རྟེན་གཞིས་འབྲི་གཡག་མགོ་གྲངས་95བཤས་བཏང་བར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་64དང་ཁེ་སྤོགས་གཙང་མ་སྒོར་ཁྲི་20བྱུང་། ང་ཚོས་དེའི་ཁྲོད་ཀྱི་50%བཏོན་ནས་རིམ་པ་5ལ་དབྱེ་སྟེ་སྡེ་ཁུལ་མང་ཚོགས་དང་དབུལ་སྒྲོལ་དུད་ཚང་ལ་བགོ་བཤའ་བརྒྱབ་ནས་དུད་ཚང་ཚང་མར་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་བྱས་ཡོད”ཅེས་རྟེན་གཞི་དེའི་ལས་འཛིན་དཔོན་ཚེ་རིང་གིས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་སྔ་རྗེས་སུ་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་རྣམ་གྲངས་23ལག་བསྟར་བྱས་པ་དང་། ཞྭ་མདའི་འབྲི་གཡག་དང་། མི་རིགས་ལག་ཤེས་བཟོ་ལས། ཡར་འབྲོག་གཡུ་མཚོའི་ཡུལ་སྐོར་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་རེད། 2021ལོར་སྣ་དཀར་རྩེ་རྫོང་གི་ཐོན་ལས་རྣམ་གྲངས་ཁག་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1240ལྷག་ཙམ་ཟིན་པ་དང་ལས་ཐོག་གླ་ཆ་སྒོར་ཁྲི་325.06སྤྲད་དེ་ལས་ཞུགས་ལས་གནས་642ཐག་གཅོད་བྱས་པ་དང་ཁྱོན་ཁེ་སྤོགས་སྒོར་ཁྲི་194.45བགོས་པ་དེས་མི་1845ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།སྣ་དཀར་རྩེ་རྫོང་དུ་ཞིང་འབྲོག་པ་དེ་བས་མང་བས་གླིང་གཞི་སྡེ་ཁུལ་གྱི་གྲོང་མི་དང་འདྲ་བར“ཕ་ཡུལ་དང་རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པར”ལས་ཞུགས་འབབ་འཕར་བྱུང་ཡོད།

    ཁོར་ཡུག་བཅོས་སྐྱོང་བྱས་ནས་དར་རྒྱས་ཀྱི་རྣམ་པ་བཏོད་པ།

    མངར་བྲག་ཤང་མངར་བྲག་གྲོང་ཚོར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མས་རང་ཁྱིམ་གྱི་གསང་སྤྱོད་དང་ཁང་པའི་རྒྱབ་མདུན་གྱི་གད་སྙིགས་གཅིག་གྱུར་གཙང་སེལ་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་ལྷས་ར་གྲོང་ཚོ་དང་བར་ཐག་སྨི་100ཙམ་ཡོད་པའི་སར་སྤོས་པ། ཤང་དང་གྲོང་ཚོའི་མ་ལམ་གཡས་གཡོན་གྱི་གྱང་དང་སྒོ་བྱང་ལ་བཀྲག་རྩི་བྱུགས་པ། ཁོར་ཡུག་འཕྲོད་བསྟེན་གྱི་དང་བླངས་གཙང་སྦྲའི་དཔུང་ཁག་བཙུགས་ནས་དུས་བཀག་ལྟར་འཕྲོད་བསྟེན་དཔྱད་བསྡུར་བྱེད་སྒོ་སྤེལ་བ་སོགས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ས་གནས་དེ་གའི་སྡོད་མལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་མང་ཚོགས་ཀྱི་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    མང་ཚོགས་ཀྱིས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བར་རེ་འདོད་ཆེན་པོ་བྱེད་ཀྱི་ཡོད། སྣ་དཀར་རྩེ་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་བརྒྱུད་རིམ་ནང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གཞི་གཅིག་ཅན་གྱི་ལས་དོན་སྤེལ་རིང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ་དང་།“གཙང་ཆུ་གཙང་བཟོའི་བྱ་སྤྱོད”དང་། མི་ཕྱུགས་ལོགས་སྡོད།“གསང་སྤྱོད་གསར་བརྗེ”སོགས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

    འདི་ལོའི་དུས་ཚིགས་དང་པོ་དང་གཉིས་པར་བཅོས་སྒྲིག་གི་ཕན་འབྲས་གཟེངས་སུ་ཐོན་པའི་སྟག་ལུང་གྲོང་རྡལ་ལ་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དུས་ཚིགས་ཕན་འབྲས་ཀྱི“ཤང་གྲོང་བཅུའི”སྐོར་སྐྱོད་དར་དམར་ཐོབ་པ་རེད། བཅོས་སྒྲིག་བྱ་སྤྱོད་ནང་ཧུར་ཐག་ཞུགས་མཁན་ཆུ་ལུང་གྲོང་ཚོའི་ཡུལ་མི་ཉི་མ་རྒྱལ་མཚན་གྱིས“ད་ཆ་ང་ཚོའི་འཚོ་བ་ལེགས་སུ་ཕྱིན་པ་དང་། ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་འཕྲོད་བསྟེན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། དུད་ཚང་ཚང་མ་རང་འགུལ་ངང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་ནས་གཙང་སྦྲ་དོད་པའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།

    ཡུལ་སྲོལ་བཟང་པོས་དར་རྒྱས་ཀྱི་བླ་སྲོག་བརྟན་པོ་བཏོད་པ།

    སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་དུ“རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང”གི་གཟེངས་བསྟོད་ཐོབ་མཁན་དོན་གྲུབ་ཀྱི་ཁྱིམ་ནི་རྒྱ་ཆེའི་མང་ཚོགས་ཀྱི་སློབ་སྦྱོང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    ཡུལ་དམག་ཡིན་པའི་དོན་གྲུབ་ཀྱིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རྒན་བཀུར་གཉེན་སྐྱོང་། མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་བཅས་ཀྱི་ཐོག་ནས“ཏང་གི་བཀའ་དྲིན་སེམས་ལ་བཅངས”ཞེས་པའི་ཡིག་འབྲུ་དེ་དག་གདུང་མའི་ཐོག་ཏུ་བཀོད་དེ་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁང་པ་སྤོ་བ་དང་སྡོད་ཁང་ཉམས་བཟོ་སོགས་ཀྱི་རོགས་རམ་བྱས་པ་མ་ཟད། ད་དུང་རང་གིས་མ་དངུལ་བཏང་ནས་སྡེ་ཁུལ་གྱི་རྒན་རྒོན་ལ་འཚམས་འདྲི་ཡང་བྱེད་ཀྱི་ཡོད། རིམས་ནད་ཐོན་རིང་དོན་གྲུབ་ཀྱིས་རང་འགུལ་ངང་དང་བླངས་པ་ཞིག་བྱས་ནས་ཁྲོམ་གཞུང་དུ་དུག་སེལ་དང་དངོས་ཟོག་སྡེབ་སྐྱེལ་གྱི་ལས་དོན་ལ་ཞུགས་རྒྱུའི་རེ་བ་བཏོན་པ་རེད། ལོ་མང་རིང་ཁོང་དང་ཁོང་གི་བཟའ་ཟླའི་དབར་བརྩེ་དུང་ཟབ་པ་དང་། རྒན་རྒོན་ལ་ལྟ་རྟོག་དང་བུ་ཕྲུག་གསོ་སྐྱོང་བྱེད་པ། རང་དཔེ་གཞན་སྟོན་གྱིས་མི་རབས་རྗེས་མར་བཀའ་དྲིན་སེམས་སུ་བཅངས་ནས་གཞན་ལ་ཕན་པ་འདོགས་དགོས་པའི་སློབ་གསོ་རྒྱག་པ་སོགས་དོན་གྲུབ་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྲོལ་བཟང་པོ་གཏོད་ཆེད་མིག་དཔེ་བཟང་པོ་བསྟན་ཡོད།

    སྣ་དཀར་རྩེ་གྲོང་རྡལ་སྣ་དཀར་རྩེ་སྡེ་ཁུལ་གྱི་གྲོང་མི་ཉི་སྒྲོན་གྱིས“དོན་གྲུབ་ཀྱི་བྱས་རྗེས་ང་ཚོ་ཁྱིམ་ཚང་ཚང་མས་ཤེས་ཀྱི་ཡོད་པས། ཚང་མས་ཁོང་ལ་སློབ་སྦྱོང་བྱས་ནས་ཞི་མཐུན་གྱི་སྡེ་ཁུལ་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད”ཅེས་བཤད།

    ཡུལ་སྲོལ་བཟང་པོ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་བླ་སྲོག་ལྟ་བུ་ཡིན། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་འཚོ་བ་ཡག་པོ་སྐྱེལ་དགོས་པ་མ་ཟད། ད་དུང་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་ཆེད་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པར་བྱེད་དགོས། དེར་བརྟེན་སྣ་དཀར་རྩེ་རྫོང་གིས་ཕྱོགས་གཅིག་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་དང་དུས་མཚུངས། དཔེ་མཚོན་ལ་བརྟེན་ནས་སྐུལ་ཁྲིད་དང་། རིག་གནས་གཤམ་སྤེལ། དྲིལ་བསྒྲགས་དང་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱིས་ཡ་རབས་ལ་སྣང་ཆེན་དང་སྲོལ་གསར་གཏོད་པར་ཁྲིད་སྟོན་བྱས་ཡོད། “རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང”ཡིན་པའི་དོན་གྲུབ་ཀྱི་ཁྱིམ་ཚང་སོགས་ཤེས་དཔལ་གྱི་དཔེ་མཚོན་ཁག་གཅིག་ཐོན་པ་དེ་ནི་སྣ་དཀར་རྩེ་རྫོང་གི་ཡུལ་སྲོལ་བཟང་པོར་གཏོད་པའི་གྲུབ་འབྲས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་སྣ་དཀར་རྩེ་རྫོང་གི་ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོ་དང་གྲོང་ལྷན་གྱིས་ཡུལ་སྲོལ་བཟང་པོར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ《གྲོང་སྲོལ་དམངས་ཆིངས》ནང་གཅིག་རྗེས་གཉིས་མཐུད་ངང་བཀོད་ཡོད། མང་ཚོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོར་ཞུགས་རྒྱུར་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས“ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བ”དང་། “རིག་གནས་ཀྱིས་མཐའ་མཚམས་ཕྱུག་པོར་འགྱུར་བར་བྱེད་པ”“ཚན་རྩལ་ཞིང་ཕན་དང་ཚན་རྩལ་ཞིང་དར”“བྱིས་པའི་བློ་ཁ་ཏང་ལ་ཕྱོགས་པ”“གཤམ་སྤེལ་ལྔའི་དང་བླངས་ཞབས་ཞུ”“ཏང་གི་ལོ་རྒྱུས་གློག་བརྙན་སྟོན་པ”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། སྲོལ་བཟང་ཡར་སྐུལ་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་རྒྱས་གཏོང་བར་ཤེས་དཔལ་གྱི་སྟོབས་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།