དབུ་ཤོག>གསར་འགྱུར།
  • ངལ་རྩོལ་པའི་རྩལ་ནུས་ལས་བཀྲག་མདངས་རབ་ཏུ་འཚེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-15

    c91c0492-38b8-4a88-a377-1a0f1432e6d1.jpg (3).jpg

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་གྲོགས་པོ་ཆུང་ཆུང་ཚོས“གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོའི་ནང་ཞུགས་པའི་བརྩམས་ཆོས་སྟོན་བཞིན་པ།

    བོད་བྱང་ཐང་གི་དགུན་དུས་སུ་གཙང་པོ་དང་ཆུ་བོར་དར་ཆགས་ཤིང་། གྲང་རླུང་འུར་འུར་དུ་ལྡང་བཞིན་ཡོད། འོན་ཀྱང་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་སྐབས་དང་པོའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཨང་དང་པོ་ཐོབ་མཁན་ཞིང་འབྲོག་པར་གཟེངས་བསྟོད་གཟབ་རྒྱས་བྱས་པས་བྱང་རྩྭ་ཐང་དུ་འཁྲུག་ཆ་ཧ་ཅང་དོད།

    བྱ་དགའ་ཐོབ་པའི་བདམས་ཐོན་པས་གསེར་དང་དངུལ་གྱི་རྟགས་མ་བཏགས་པ་དང་། ལག་ཏུ་བྱ་དགའི་ལག་ཁྱེར་དང་མེ་ཏོག་ཁྱེར་བ། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་སྐྱེལ་མ་གཟབ་རྒྱས་བྱས། ཕ་ཡུལ་གྱི་ཕོ་མོ་རྒན་གཞོན་ཚོས་རྔ་རྡུང་དར་འཕྱར་དང་ལག་ཏུ་ཁ་བཏགས་ཁྱེར་ཏེ་རུ་སྟར་རིང་པོ་བསྒྲིགས་ནས་རྩྭ་ཐང་གི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཐོག་ནས“དཔའ་བོ་ཚོར”བསུ་བ་ཞུས།

    འདི་ལོ་ནས་བཟུང་། རང་རྒྱལ་གྱི་ས་བབ་མཐོ་ཤོས་དང་སྐམ་སའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ནག་ཆུ་གྲོང་ཁྱེར་དུ་དྲ་ཕྱི་དང་དྲ་ཐོག་ནས་འབྲོག་པ་ཚོས་རྩལ་ནུས་འགྲན་བསྡུར་སྣ་ཚོགས་ནང་རྩལ་ལག་ངོམས་པས། འགྲན་བསྡུར་གྱི་རྣམ་པ་དང་དཀའ་སྤྱད་ཀྱི་རྔུལ་ཆུས་འགྲན་ཞུགས་བདམས་ཐོན་པའི་ལུས་ནས་བཀྲག་མདངས་འཚེར་བཞིན་ཡོད། བཀྲག་མདངས་འཚེར་བའི་གཟེངས་བསྟོད་རྟགས་མ་དག་ནི་ངལ་རྩོལ་པ་ཁོ་ནར་དབང་བའི་འོད་མདངས་ཡིན་པ་དང་བྱང་ཐང་གི་བུ་ཕྲུག་ཚོའི་འབད་ཐབས་ལམ་བུར་འོད་མདངས་འཕྲོ་བཞིན་ཡོད།

    བློ་རིག་དང་རྩལ་ནུས་ངོམས་པའི་ཉམས་འགྱུར།

    བོད་བཟོའི་འཚེམ་བཟོ་དང་། འཁེལ་འཐག་ལག་རྩལ། ཀོ་ཆས་བཟོ་བ། དཀར་ཆུའི་ཐོན་རྫས་ལས་སྣོན། བོད་ཟས་གཡོས་སྦྱོར་སོགས་སྲོལ་རྒྱུན་གྱི་ལག་ཤེས་ནས་གསོལ་མགྲོན་ཁང་གི་ཞབས་ཞུ་དང་། སྦག་སྦག་ཉམས་བཟོ། རླངས་འཁོར་ཉམས་བཟོ། བརྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་སོགས་དེང་རབས་ཀྱི་ལས་རིགས་རྩལ་ནུས་བར་འགྲན་ཞུགས་པ་ཚོས་རྩལ་ནུས་ངོམས་ནས་མིག་གི་སྟོན་མོ་ཞིག་བཤམས་ཡོད། ཁོང་ཚོའི་བྱང་ཆ་དོད་པའི་ལག་རྩལ་ལས་ཚང་མས་འབྲོག་པར་འཛིན་པའི་སྲོལ་རྒྱུན་གྱི་ལྟ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

    འགྲན་བསྡུར་བྱེད་རིང་། འགྲན་ཞུགས་བདམས་ཐོན་པས་བློ་རིག་དང་རྩལ་ནུས་ལ་བརྟེན་ནས་བོད་བྱང་ཐང་གི་འབྲོག་པའི་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་དེ་སྲོལ་རྒྱུན་གྱི་ལག་རྩལ་ཁྲོད་ནས་མཚོན་པར་བྱས་པ་དང་། ཡང་ན་རང་འགུལ་ངང་ཏང་དར་དང་རྒྱལ་དར་འཐག་པ། ཡང་ན་གནམ་བདེ་སྒོ་མོའི་དབྱིབས་དང་བྱེ་བརྐོས་བཟོ་བ་སོགས་བྱེད་པ་མ་ཟད། ད་དུང་བདམས་ཐོན་པ་ཁག་གཅིག་གིས་དུས་རབས་ཀྱི་འཕེལ་ཕྱོགས་རྗེས་སུ་དམ་པོར་འབྲངས་ནས། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་གཏོད་དང་སྤུས་ལེགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ་བཟོས་པར་དོན་སྙིང་དང་བསམ་འདུན་ཟབ་མོ་ལྡན།

    སོག་རྫོང་ཆོས་འཁོར་དགོན་གྱི་དགེ་འདུན་པས་རྡོའི་ཐོག་རྒྱལ་རྟགས་བརྐོས་ཡོད་པ་མ་ཟད། ད་དུང་མར་གྱིས་གནམ་བདེ་སྒོ་མོའི་དཔེ་དབྱིབས་བཞེངས་པར་ལག་རྩལ་བྱང་ཆུབ་པ་དང་བརྩམས་ཆོས་སྙིང་རྗེ་མོ་ཡོད། “གསར་རྩོམ་གྱི་བརྒྱུད་རིམ་ཁྲོད། སེམས་ནང་ཏང་གི་སྲིད་ཇུས་བཟང་པོ་ལས་གྲྭ་བཙུན་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་རྣམ་པ་འཁོར་བྱུང་། ང་ཚོས་མུ་མཐུད་སྒོམ་སྒྲུབ་ལ་གཞོལ་བ་དང་། རྒྱུན་ཆད་མེད་པར་ཐོས་བསམ་ཟབ་ཏུ་བཏང་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་དང་ཁོང་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་འགྲན་ཞུགས་བརྩམས་ཆོས་སྐོར་གླེང་སྐབས་དགེ་འདུན་པ་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    འགྲན་བསྡུར་དེས་འབྲོག་པ་མང་ཚོགས་ཀྱི་བློ་རིག་དང་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་མ་ཟད། བློ་རིག་དང་རྩལ་ནུས་ངོམས་པའི་འདུན་པ་ལས་སྲོལ་རྒྱུན་གྱི་རྩལ་ནུས་ལ་བཀྲག་མདངས་གསར་པའང་བསྣན་ཡོད།

    བློ་རྩེ་གཅིག་སྒྲིམ་གྱིས་ལས་སྟེགས་བསྐྲུན་ཏེ་འགྲན་རྩོད་ཀྱི་གསོན་ཤུགས་ཆེ་རུ་བཏང་བ།

    “དེ་སྔོན། ང་ཚོས་མར་དང་དཀར་ཆུའི་ཐོན་རྫས་སྣ་ཚོགས་བཟོ་བ་ནི་ཁྱིམ་ཚང་ཚང་མས་ཤེས་པའི་རྩལ་ནུས་ཤིག་རེད་སྙམ་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་ཞིག་ད་དུང་རྩལ་ནུས་དེ་དག་ལ་བརྟེན་ནས་འགྲན་བསྡུར་ལ་ཞུགས་པ་དང་གཟི་བརྗིད་མཚན་སྙན་ཐོབ་ཀྱི་རེད་བསམ་པ་སྣང་བའི་ཡུལ་ལའང་འཁོར་མ་མྱོང‘གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད’ཅེས་པའི་བྱེད་སྒོས་ང་ཚོ་འབྲོག་པར་རང་ཉིད་ཀྱི་རྩལ་ནུས་ངོམས་སའི་གར་སྟེགས་ཤིག་མཁོ་འདོན་བྱས་པས་ཧ་ཅང་ཡག་པོ་འདུག སང་ལོ་ང་རང་ད་དུང་ཞུགས་རྒྱུ་ཡིན”ཞེས་ཨ་མདོ་རྫོང་མཚོ་དམར་ཤང་མཚོ་ཡག་མ་གྲོང་ཚོའི་ལོ་ཡག་ལ་དཀར་ཆུའི་ཐོན་རྫས་ལས་སྣོན་རྣམ་གྲངས་ཀྱི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པ་དང་། བབ་ཆགས་པའི་ཁོང་གིས་རང་ཉིད་ཀྱིས་བཟོས་པའི་དཀར་ཆུའི་ཐོན་རྫས་ལ་རྩལ་ནུས་འགྲན་བསྡུར་ནང་གཟི་བརྗིད་མཚན་སྙན་དང་བྱ་དགའ་མང་པོ་ཐོབ་ཀྱི་རེད་བསམ་པ་གཏན་ནས་མ་བྱུང་ཞེས་བཤད།

    ནག་ཆུ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས། ནང་ངོས་སྒུལ་ཤུགས་ཆེན་པོ་འཕེལ་བར་བྱ་ཆེད། འདི་ལོ་ནག་ཆུས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དངོས་ལ་ཉེ་བཅར་གྱིས་རིག་རྩལ་རིག་གནས་དང་། སྐད་ཡིག “ལག་གདང་སྦྲེལ་བའི”ལག་ལེན་བྱེད་སྒོ་དང་ཐོན་སྐྱེད་རྩལ་ནུས་བཅས་འགྲན་བསྡུར་རྣམ་གྲངས་ཆེ་གྲས་4ཇུས་འགོད་བྱས་པ་རེད།

    དེའི་ནང་། “གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོའི་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་། ཀོ་ཆས་བཟོ་བ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན། འཁེལ་འཐག་ལག་རྩལ་སོགས་འབྲོག་པ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་རྩལ་ནུས་དག་འགྲན་བསྡུར་རྣམ་གྲངས་སུ་བྱས་ནས་མང་ཚོགས་མི་རེ་ངོ་རེར་རང་ཉིད་ཀྱི་རྩལ་ནུས་ངོམས་པའི་ལས་སྟེགས་བཏོད་ཡོད།

    “གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་ལས་འབྲོག་པ་མང་པོ་ཞིག་ལ་རང་ཉིད་ཀྱི་རྩལ་ནུས་ངོམས་སའི་གར་སྟེགས་ཆེན་པོ་ཞིག་བྱུང་བ་དང་རྣམ་ཀུན་བྱ་བ་ཙག་ཙིག་ཁྲོད་དུ་ནུབ་ལ་ཁད་ཀྱི་རྩལ་ནུས་ལས་འོད་མདངས་གསར་པ་ཞིག་འཕྲོས་ཡོད།

    རྒྱང་ལམ་གསར་པར་འབད་འཐབ་མདུན་སྐྱོད་བྱས་ཏེ་འབྱུང་འགྱུར་གྱི་ཕུགས་འདུན་དོན་གཉེར་བྱེད་པ།

    རིགས་ཁག་གི་འགྲན་བསྡུར་ཐེངས་ཁྲི་1.3ལྷག་ཙམ་བྱས་ཤིང་། འགྲན་བསྡུར་ལ་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་26ལྷག་ཙམ་ཟིན་པ་དང་། བྱེད་སྒོར་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་150ལྷག་ཙམ་ཟིན་ཡོད།

    “གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་ལས་མི་སེམས་ལ་གཡོ་འགུལ་ཐེབས་པའི་གྲངས་ཀ་མང་པོ་ཞིག་བཏོད་པ་དང་། གསར་གཏོད་ཀྱི་ནུས་པ་ལྡན་པའི་རྩལ་ནུས་ཤེས་ལྡན་པ་ཁག་གཅིག་སྔོག་འདོན་ཐུབ་པ་མ་ཟད། འབྲོག་པ་མང་ཚོགས་ལ་དེ་བས་མང་བའི་གོ་སྐབས་ཐོབ་ཡོད།

    གྲོང་ཚོ་རིམ་པའི་འགྲན་བསྡུར་འགོ་ཚུགས་པ་ནས་བཟུང་། འབྲོག་པ་མང་ཚོགས་ཀྱི་འགྲན་རྩོད་འདུ་ཤེས་སྐོང་འཐེན་གང་ལེགས་ཐུབ་ཡོད། ཁྱེད་ཀྱིས་སྐར་མ་རྩེ་ལྔ་བརྒྱབ་པའི་སྣམ་བུ་བཏགས་ན་ངས་རྒྱལ་དར་ཞིག་འཐག་རྒྱུ་ཡིན། ཁྱེད་ཀྱིས་ཐུད་ཞིམ་པོ་ཞིག་བཟོས་ན་ངས་ཐུད་ཀྱི་སྟེང་ལ་མཛེས་སྡུག་ལྡན་པའི་རི་མོས་བརྒྱན་པར་བྱེད་ཀྱི་ཡིན།

    ཚང་མས་འགྲན་བསྡུར་ཁྲོད་ཕན་ཚུན་རྗེས་སྙེག་དང་། ཕན་ཚུན་འགྲན་རྩོད། ཕན་ཚུན་སྤེལ་རེས་བཅས་བྱས་པས་ལག་རྩལ་ལེགས་སུ་ཕྱིན་པ་མ་ཟད། ཁས་ལེན་དང་བསྔགས་བརྗོད་ཀྱང་ཐོབ་ཡོད།

    “ད་ཐེངས་ཀྱི་འགྲན་བསྡུར་ལས་ཐབ་ལ་བསྐོར་ནས་བསྡད་ནའང་ལས་རྗེས་ཤིག་གཏོད་ཐུབ་པའི་ཚོར་སྣང་བྱུང་། སླད་ཕྱིན་ང་རང་ཟ་ཁང་ཞིག་གཉེར་འདོད་འདུག”ཨ་མདོ་རྫོང་སྤང་མེར་ཤང་གི་མཚོ་མོར་ཤང་རིམ་པའི་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་བོད་ཟས་གཡོས་སྦྱོར་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཁས་ལེན་ཐོབ་པ་ལས་མཚོ་མོས་འབྱུང་འགྱུར་གྱི་འཚོ་བར་དེ་བས་མང་བའི་རེ་བ་དང་འཆར་གཞི་གསར་པ་བཀོད་ཡོད།

    “གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོར་བརྟེན་ནས་བྱང་ཐང་གི་བུ་ཕྲུག་མང་པོས་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུར་འབད་འབུངས་ཆེན་པོས་སྐྱོད་བཞིན་ཡོད་པ་དང་ངལ་རྩོལ་པའི་འོད་མདངས་ལས་ས་མཐོར་བཀྲག་མདངས་དེ་བས་ཆེ་བ་སྣོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།