དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་ཨ་པི་རང་གྲུ་ཁའི་དོས་སྒམ་གྲུ་ཁ་གཉིས་པ་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-12-06

    3788279_huangzy_1670256000000_s.jpg

    འདི་ནི་ཟླ་12ཚེས་2ཉིན་པར་བླངས་པའི་ཁོ་ཐེ་ཏི་ཝོར་ཨ་པི་རང་གྲུ་ཁའི་དོས་སྒམ་གྲུ་ཁ་གཉིས་པ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཀྲུང་གོ་མཚོ་ཁུག་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ་ཀྲུང་གོ་མཚོ་ཁུག་ཅེས་བསྡུ་རྒྱུ)སྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་ཨ་པི་རང་གྲུ་ཁའི་དོས་སྒམ་གྲུ་ཁ་གཉིས་པ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།

    ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་གཞོན་པ་ཏི་ཡེ་མོ་ཁོ·ཁོ་ནེ་དང་། ཙུང་ལི་ཕ་ཐེ་ལི་ཁེ·ཨ་ཞི། དེ་བཞིན་ཁོ་ཐེ་ཏི་ཝོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབན་ལི་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཁོ་ནེས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་རྣམ་གྲངས་ཀྱི་ལས་གྲྭ་ཨ་མར་རྒྱབ་སྐྱོར་དང་ཀྲུང་གོ་མཚོ་ཁུག་གིས་འཛུགས་སྐྲུན་ཡག་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་པི་རང་གྲུ་ཁ་བསྐྲུན་པ་བརྒྱུད་ཁོ་ཐེ་ཏི་ཝོར་དེ་ཉིད་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་ཚོང་དོན་ལྟེ་གནས་ཆེ་ཤོས་ཀྱི་གྲས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་མཚོ་ཁུག་བཟོ་གྲྭའི་ཨ་ཧྥེ་རི་ཁ་ནུབ་མའི་ས་ཁོངས་དོ་དམ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཝང་ཀོང་ཧྲེང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རྣམ་གྲངས་དེས་ས་གནས་དེ་གའི་ཐོན་ཁུངས་དཀོན་པ་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཕོག་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས། སྤུས་ཚད་མཐོན་པོས་དུས་བཀག་ནང་ལས་གྲྭ་ལེགས་སྒྲུབ་བྱས་པར་ས་གནས་དེ་གའི་སྲིད་གཞུང་གི་ཚད་མཐོའི་ཁས་ལེན་ཐོབ་ཡོད། གྲུ་ཁ་ལས་གཉེར་བྱས་པ་དེས་ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་གྱི་ཨ་པི་རང་གྲུ་ཁའི་ལྟེ་བའི་གྲུ་ཁའི་གནས་བབ་སྔར་བས་བརྟན་དུ་ཕྱིན་ནས། ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁོ་ཐེ་ཏི་ཝོར་ཨ་པི་རང་གྲུ་ཁའི་དོས་སྒམ་གྲུ་ཁ་གཉིས་པ་དེ་2015ལོ་ནས་སྐྲུན་འགོ་ཚུགས་པ་དང་ཁྱོན་ཏུན་ཁྲི་15རིམ་པའི་གྲུ་ཁའི་གྲུ་གཟིངས་འཇོག་ས་3ཡོད་པ་དང་མཚོ་ངོགས་ཀྱི་སྤྱིའི་རིང་ཚད་སྨི་1312ཟིན་ནས། ཨ་པི་རང་གྲུ་ཁའི་ལོའི་ཚད་ལྡན་དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི་120ནས་ཁྲི་250བར་མང་དུ་ཕྱིན་ཡོད། གྲུ་ཁའི་ལས་གྲྭ་ཨ་མ་ནི་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མ་དངུལ་བསྡུ་སྒྲིལ་དང་ཀྲུང་གོ་མཚོ་ཁུག་གིས་སྐྲུན་འགན་འཁུར་བ་ཞིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།