དབུ་ཤོག>གསར་འགྱུར།
  • བདེ་སྐྱིད་ལྡན་པའི་འཚོ་བ་འགྲོ་སྐྱོད་སྟབས་བདེ་ནས་འགོ་རྩོམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-30

    གངས་ལྗོངས་ས་མཐོར་རི་བོ་མཐོ་ལ་ཆུ་བོ་མང་བས་དམངས་སྤྱོད་མཁའ་འགྲུལ་ནི་བོད་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྟབས་བདེ་ཤོས་ཡིན་པ་ཀུན་གྱིས་ཁས་ལེན་གྱི་ཡོད། ཉེ་བའི་ལོ་10ཡི་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་ལྡབ་འཕར་བྱུང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་ནས་བཟུང་བའི་བསྡུར་ཚད་ཀྱང་ལྡབ་འཕར་བྱུང་ཡོད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། དམངས་སྤྱོད་མཁའ་འགྲུལ་གྱིས་བོད་ཀྱི་འགྲུལ་སྐྱེལ་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་དེ་2012ལོའི་15.28%ནས་2020ལོའི་32.15%བར་འཕར་བ་ལས་ཡུལ་སྐོར་བ་3.1ནས་མི་1གིས་དམངས་སྤྱོད་མཁའ་འགྲུལ་བདམས་ནས་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་མཚོན་པས། གྲོང་མིའི་འགྲིམ་འགྲུལ་ལ་དམངས་སྤྱོད་མཁའ་འགྲུལ་དུ་སྡོད་མཁན་ཧ་ཅང་མང་པོ་ཡོད་པ་རེད།

    དམངས་སྤྱོད་མཁའ་འགྲུལ་ནི་ཕྱིར་སྐྱོད་ཀྱི་གདམ་ག་དང་པོ་ཡིན་པ། 

    བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེས་ཝུའུ་ཅུན་ཞིས་དང་འདྲ་བར་བོད་ནས་འགྲོ་འོང་ཐེངས་མང་བྱེད་མཁན་འགྲུལ་པ་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། 2021ལོར་སྤྱོད་འགོ་ཚུགས་པའི་ལྷ་ས་གོང་དཀར་གནམ་ཐང་T3གནམ་ཐང་འབབ་ཚུགས་ནི་མིག་སྔར་བོད་ཀྱི་ཁང་པ་ཆེ་ཤོས་ཡིན་པ་དང་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900དང་དངོས་ཟོག་སྦྲག་ཐོག་ནས་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་8ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད། ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་སུ་སྐྱོད་སྐབས། སྨི་ངོས་གྲུ་ཁྲི་8.8ཀྱི་ཁྱབ་ཁོངས་སུ་སྤ་སེ་སྒྲུབ་གཉེར་ལས་སྟེགས་40དང་། བདེ་འཇགས་ཞིབ་བཤེར་གྱི་བགྲོད་ལམ་22 གནམ་གྲུར་འཛེག་སའི་བར་ཁྱམས་18བཅས་ཡོད་པ་རེད།

    གོང་དཀར་གནམ་ཐང་T3གནམ་ཐང་འབབ་ཚུགས་གསར་སྐྲུན་བྱས་པ་ཙམ་གྱིས་མི་ཚད། ལོ་10ཡི་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ཁྱབ་ཁོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་200བཏང་ནས་གཙོ་གནད་རྣམ་གྲངས་10ལག་བསྟར་བྱས་པ་རེད།

    དམངས་སྤྱོད་མཁའ་འགྲུལ་གྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་དུས་མཚུངས། བོད་ཀྱི་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་ལོ་བཅུའི་གོང་གི་ཞིང་ཆེན་5ཡི་གྲོང་ཁྱེར་17ནས་ཞིང་ཆེན་28ཀྱི་གྲོང་ཁྱེར་68བར་མང་དུ་ཕྱིན་ནས་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་དེ་གོང་གི་ལྡབ་4ཡིན་པ་དང་། མཁའ་ལམ་གྱི་གྲངས་འབོར་152བར་མང་དུ་སོང་བ་དེ་གོང་གི་ལྡབ་4.5རེད། མིག་སྔར་ལྷ་ས་གོང་དཀར་གནམ་ཐང་ལྟེ་བ་དང་། ལྗོངས་ནང་ཁུལ་གྱི་གནམ་ཐང་གཞན་དག་གིས་འདེགས་སྐྱོར། རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དང་བོད་སྐྱོར་ཞིང་ཆེན་ལ་ཁྱབ་པ་བཅས་ཀྱི་མཁའ་ལམ་དྲ་བ་ཞིག་རགས་ཙམ་ཆགས་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཅུང་མང་བའི་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན། ཁུན་མིང་། པེ་ཅིང་བཅས་དང་། མངའ་རིས་ཕྱོགས་ཀྱི་དུས་གཏན་གནམ་གྲུའི་ཐེངས་གྲངས་གཙོ་གནད་མང་དུ་བཏང་ཡོད་པ་རེད།

    འགྲིམ་འགྲུལ་འཛད་སྤྱོད་ཀྱི་གདམ་ག་ཨང་དང་པོར་གྱུར་པ།

    ལོ་10ཡི་རིང་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་སྔར་བས་མགྱོགས་སུ་ཕྱིན་ཞིང་། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2015ལོ་ནས་2021ལོའི་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་7བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། 2021ལོར་བོད་ཡོངས་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24950ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱིས་རྒྱལ་ཡོངས་བསྡུར་ཚད་ཀྱི་བཟུང་ཚད་51.9%ནས་71.0%བར་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་གང་ཡིན་རུང་ཡོང་འབབ་མང་དུ་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ལས་འགྲིམ་འགྲུལ་འཛད་སྤྱོད་ཀྱི་བསྡུར་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ནས་འགྲིམ་འགྲུལ་འཛད་སྤྱོད་ལས་མཁའ་འགྲུལ་གདམ་ག་ཨང་དང་པོར་གྱུར་ཡོད་པ་རེད།

    ཕྱིར་སྐྱོད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་དུས་མཚུངས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཛད་སྤྱོད་བྱེད་སྟངས་ཧྲིལ་པོ་ཡང་མཁའ་འགྲུལ་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འགྱུར་ལྡོག་གཏིང་ཟབ་ཕྱིན་ཏེ་འཚོ་བའི་ཆུ་ཚད་ཉིན་བཞིན་མཐོ་རུ་ཕྱིན་ཡོད། མཁའ་འགྲུལ་སྐྱེལ་འདྲེན་བྱས་པ་བརྒྱུད་ས་མཐོའི་མི་དམངས་ཀྱིས་དེ་བས་སྟབས་བདེ་བའི་སྒོ་ནས་སྨན་བཅོས་དང་། སློབ་གསོ། སྦྲག་སྲིད་སོགས་གཞི་རྩའི་སྤྱི་པའི་ཞབས་འདེགས་ལོངས་སྤྱོད་ཐུབ་པ་མ་ཟད། ཚང་མའི་བསམ་བློའི་འདུ་ཤེས་དེ་བས་སྒོ་དབྱེ་དང་། འཚོ་བའི་སྤུས་ཚད་དེ་བས་མཐོ་བ། ཟས་གོས་འགྲོ་སྡོད་དེ་བས་དེང་རབས་བཅས་སུ་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། འདས་ཟིན་པའི་ལོ་10ཡི་རིང་བོད་ནང་ཁུལ་གྱི་གནམ་ཐང་གིས་རིམ་རྩིས་བྱས་ན་དུས་གཏན་གནམ་གྲུ་འཕུར་འབབ་ཐེངས་ཁྲི་43.8དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4560འགན་ལེན་བྱས་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་36.8ཟིན་ཡོད་པ་རེད། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་འགན་ལེན་ནུས་ལྡན་ཞིག་ཏུ་གྱུར་ཡོད།

    ཐོན་ལས་དར་རྒྱས་ཀྱིས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ།

    རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་རྗེས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཤུགས་ཧ་ཅང་ཆེ་རུ་ཕྱིན་ནས་ལྷ་ས་གོང་དཀར་གནམ་ཐང་དང་། ཟོག་འགྲེམས་དང་། དེ་བཞིན་མྱུར་སྐྱེལ་ཀུང་སི་17དབར་སྐྱེལ་འདྲེན་གྲོས་མཐུན་བཞག་སྟེ་ཚགས་ཤ་སྤུས་ལེགས་དང་ལུག་ཤ་སོས་པ། ནག་ཆུའི་དབྱར་རྩྭ་དགུན་འབུ། ཉིང་ཁྲིའི་ཤ་མོ་སོགས་ས་མཐོའི་ཐོན་རྫས་རྒྱལ་ཡོངས་སུ་དབོར་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བཏོན་ཐུབ་ནས་ཟོག་གོང་སྔར་བས་མཐོ་རུ་ཕྱིན་ཡོད།

    བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་སྐོང་བ་དང་ཆབས་ཅིག བོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་བོད་དང་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོ་མཉམ་འདྲེས་ཡོང་བར་སྐུལ་མ་ཆེན་པོ་ཐེབས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད། བོད་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ལྡབ་འཕར་བྱུང་ཡོད། 2021ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4153.44ལ་སྣེ་ལེན་ཞུས་པ་དེ་2012ལོ་ལས་ལྡབ་2.9འཕར་ནས་ལོ་རེར་ཆ་སྙོམས་16.4%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་441.90བྱུང་བ་དེ་2012ལོ་ལས་ལྡབ་2.5འཕར་ནས་ལོ་རེར་ཆ་སྙོམས་14.9%འཕར་ཡོད་པ་རེད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2022ལོའི་ཟླ་11ཚེས་28ཉིན་གྱི་པར་ངོས་10ལས་བཏུས)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།