ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་དང་། སྤྱི་ཚོགས་བྱ་གཞག་དར་རྒྱས་གོང་འཕེལ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2012ལོ་ནས་2021ལོའི་བར། རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་9.5%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་དང་། དཔལ་འབྱོར་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་7.6%འཕར་བ་དང་། 2021ལོར་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་56831ཟིན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཁྲོད་དུ་2012ལོའི་ཨང་29པ་ནས་2021ལོའི་ཨང་24པར་འཕར་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་བཅུའི་རིང་རང་ལྗོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་དང་ལེགས་སུ་ཕྱིན་པ་དང་། དེང་རབས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། 2021ལོར་ལྗོངས་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་255.34ཟིན་པ་དེ་2012ལོ་ལས་64.1%འཕར་བ། ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་2012ལོའི་ཆན་ཝ་ཁྲི་499.48ནས་2020ལོའི་ཆན་ཝ་ཁྲི་1368.73བར་འཕར་བ་དང་། བཟོ་ལས་འཕེལ་རྒྱས་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་ཞིང་། རང་བྱུང་འཐུང་ཆུ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་བ་རིག་པ། ལྗང་མདོག་ཨར་ལས་རྒྱུ་ཆ། གཏེར་ཁ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་ཐོན་སྐྱེད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཆུ་འོད་གསབ་རེས་ཀྱི་གློག་ཤུགས་ཐོན་སྐྱེད་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་འབྲེལ་མཐུད་རྟེན་གཞི་སྐྲུན་མགྱོགས་སུ་བཏང་བ། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་342.06བར་འཕར་ནས་ལོ་རེར་ཆ་སྙོམས་13.7%འཕར་བ། ཡུལ་སྐོར་ཐོན་ལས་རིམ་བཞིན་གོང་འཕེལ་སོང་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”དང“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”སོགས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་སོང་བ་དང་བསྟུན་ནས་ཡུལ་སྐོར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ལྡབ་འཕར་བྱུང་བ་མ་ཟད། 2021ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4153.44ལ་སྣེ་ལེན་ཞུས་པ་དེ་2012ལོ་ལས་ལྡབ་2.9འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་441.90ཟིན་པ་དེ་2012ལོ་ལས་ལྡབ་2.5འཕར་ཡོད་པ་རེད།
དེ་དང་དུས་མཚུངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཟམ་མི་ཆད་པར་མགྱོགས་སུ་བཏང་བས་གྲོང་མིའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། 2021ལོར་ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་8568ནས་སྒོར་24950བར་འཕར་བ་དང་། གྲོང་མིའི་ལས་ཞུགས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ལས་ཞུགས་མི་སྣ་ཁྲི་196ཟིན་པ་དེ་2012ལོ་ལས་མི་ཁྲི་22མང་དུ་ཕྱིན་པ། ཉེ་བའི་ལོ་5ཡི་རིང་། ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ཡན་ཟིན་པ། གྲོང་མིའི་སྤྱི་ཚོགས་འགན་སྲུང་རིམ་བཞིན་འཐུས་ཚང་དུ་སོང་ཞིང་། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མི་ཁྲི་205.14དང་མི་ཁྲི་346.02སོ་སོར་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྱོན་བསྡོམས་23669གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པ། གྲོང་གསེབ་ཀྱི་གྲོང་མི་ཁྱོན་བསྡོམས་134307གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པ། ཚན་རིག་སློབ་གསོའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་15རིང་གི་གཞུང་གྲོན་སློབ་གསོ་དང་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”གྱི་སློབ་གསོའི་སྲིད་ཇུས་ལག་ལེན་བསྟར་བས་2021ལོར་ལྗོངས་ཡོངས་ཀྱི་སློབ་ཆུང་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.96%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་0.56འཕར་བ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་1057ཟིན་པ་དེ་2012ལོ་ལས་ལྡབ་1.5འཕར་བ། སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཅིང་། 2020ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་ཁྱོན་དཔེ་མཛོད་ཁང་81དང་མང་ཚོགས་སྒྱུ་རྩལ་ཁང་194ཡོད་པ་དེ་2012ལོའི་ལོ་མཇུག་ལས་77དང་186སོ་སོར་མང་དུ་སོང་བ་དང་། ཞིང་ཁྱིམ་དཔེ་ཁང་དང་དགོན་སྡེའི་དཔེ་ཁང་སྲིད་འཛིན་གྲོང་ཚོ་དང་དགོན་སྡེ་ཡོངས་ལ་ཁྱབ་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ས་ཁུལ། རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ཡོད།
གཞན་ཡང་། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་ཅིང་། མིག་སྔར་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47.14% ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་99.8% ས་ངོས་ཆུའི་སྤུས་ཚད་ལོན་ཚད་100%བཅས་ཟིན་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་རེད།