དབུ་ཤོག>གསར་འགྱུར།
  • མ་ལེ་ཞི་ཡའི་འགྲེམས་ཞུགས་ཚོང་པ་དང་ནང་འདྲེན་ འགྲེམས་ཚོགས་དབར་གྱི་ལས་འབྲེལ་ཟབ་མོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-11-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་གློག་འཕྲིན་འབྱོར་གསལ། “ནང་འདྲེན་འགྲེམས་ཚོགས་ལ་ཞུགས་པ་ནི་གོམས་སྲོལ་དང་ཁ་ཆད་ལྟ་བུར་གྱུར་ཡོད”ཅེས་མ་ལེ་ཞི་ཡའི་མའོ་ཅི་ཁེ་ལས་ཚད་ཡོད་ཀུང་སིའི་ལག་བསྟར་ལས་འཛིན་པ་ཁྲེན་ཝུའེ་ཀྲུང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་ཅིང་། མའོ་ཅི་དང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་དབར་གྱི་ལས་འབྲེལ་ཟབ་མོ་ནི་ནང་འདྲེན་འགྲེམས་ཚོགས་ཀྱིས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་གསོན་ཉམས་ལྡན་པ་གཞན་ཞིག་རེད།

    འདི་ལོ་ནི་མའོ་ཅི་ཁེ་ལས་འགྲེམས་ཚོགས་ལ་ཞུགས་ཐེངས་ལྔ་པ་དེ་ཡིན་པ་དང་། ཁྲེན་ཝུའེ་ཀྲུང་གིས། 2018ལོའི་འགྲེམས་ཚོགས་སྐབས་དང་པོར་ཞུགས་ཚུན་མའོ་ཅི་ཁེ་ལས་འགྲེམས་ཚོགས་གལ་ཆེན་དེར་ཞུགས་མཚམས་གཏན་ནས་ཆད་མ་མྱོང་ལ། ལོ་ལྟར་མཉམ་ལས་རོགས་ཟླ་དང་མཉམ་དུ་འགྲེམས་ཚོགས་ལ་ཞུགས་ནས་མ་ལེ་ཞི་ཡའི་ཁུག་རྟ་ཚང་སོགས་ཀྱི་ཐོན་རྫས་ཀྲུང་གོའི་འཛད་སྤྱོད་པར་ཁྱེར་ཡོད་ཅེས་བརྗོད།

    འགྲེམས་ཚོགས་ལ་ཐོག་མར་ཞུགས་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། མའོ་ཅིའི་འགྲེམས་ཞུགས་འཐུས་མི་ཝང་ཁྲང་ཡའོ་ཡིས“མི་དང་། ཐོན་རྫས། གོ་སྐབས་བཅས་མང་བ”ནི་བག་ཆགས་ཟབ་ཤོས་ཤིག་རེད་ཅེས་བཤད་པ་དང་། ཁོང་གིས“འགྲེམས་ཞུགས་ཀྱི་ཐོན་རྫས་ཕུན་སུམ་ཚོགས་པས་འཛམ་གླིང་ཡུལ་གྲུ་ཁག་ཚང་མ་ནས་ཡོད། ཀྲུང་གོའི་ས་གནས་ཁག་གི་ཉོ་སྒྲུབ་ཚོགས་པས་ང་ཚོ་དང་ཐད་ཀར་འབྲེལ་བ་བྱས་པར་བརྟེན་ང་ཚོའི་ཚོང་ལས་མཉམ་ལས་ཀྱི་རོགས་ཟླ་མང་དུ་ཕྱིན་སོང”ཞེས་བཤད།

    མ་ལེ་ཞི་ཡའི་ཁེ་ལས་འགྲེམས་ཚོགས་ལ་སྔ་བར་ཕྱི་གསུམ་དུ་ཧུར་ཐག་ཞུགས་ཡོད། མ་ལེ་ཞི་ཡའི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ལུའུ་ཁྲེང་ཆོན་གྱིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་ལོ་ལྟར་མ་ལེ་ཞི་ཡའི་ཚོང་པ་སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་སུ་འཇུག་གི་ཡོད་ལ་སྐབས་ལྔ་པར་ཡང་དེ་ལས་མ་འདས་ཞེས་བརྗོད་པ་རེད།

    འདི་ལོར་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་བཟའ་བཅའ་དང་དེ་བཞིན་ཞིང་ལས་ཐོན་རྫས་འགྲེམས་ཁུལ་དུ་ཀྲུང་གོ་སྤྱི་ཁྱབ་འགྲེམས་ཁང་བཙུགས་ནས་འགྲེམས་གནས་17ཡོད་པའི་ཁྲོད་ལོ་5བསྟུད་མར་འགྲེམས་ཚོགས་སུ་ཞུགས་མཁན་གྱི་ཁེ་ལས་ཡོད་ལ་འགྲེམས་ཚོགས་སུ་ཐོག་མར་ཞུགས་མཁན་གྱི་ཁེ་ལས་ཀྱང་ཡོད། འགྲེམས་སྟོན་བྱས་པའི་མ་ལེ་ཞི་ཡའི་ཁྱད་ལྡན་ཐོན་རྫས་ཁྲོད་ཀྲུང་གོའི་འཛད་སྤྱོད་པས་རྒྱུས་མངའ་ཆེ་བའི་ཁུག་རྟ་ཚང་དང་། རྙིང་ཁུངས་མིང་ཅན་གྱི་ཏན་ཞིམ། མངར་ཆ། འཁྱག་ཟས་སོགས་ཡོད་པ་རེད།

    ལུའུ་ཁྲེང་ཆོན་གྱིས། ནང་འདྲེན་འགྲེམས་ཚོགས་ནི་མ་ལེ་ཞི་ཡའི་ཕྱིར་གཏོང་གི་མི་མངོན་པའི་སྟོབས་ཤུགས་འདོན་ས་གལ་ཆེན་གྲས་ཤིག་རེད། ནང་འདྲེན་འགྲེམས་ཚོགས་ལ་ཞུགས་ཚེ་མ་ལེ་ཞི་ཡའི་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་ཡོད། “འགྲེམས་ཚོགས་སུ་ཐོན་རྫས་སྤུས་ལེགས་འབོར་ཆེན་འགྲེམས་སྟོན་བྱས་ནས་ཀྲུང་གོའི་ཁྲོམ་རར་བཏོན་པ་དེས་མ་ལེ་ཞི་ཡའི་ཁེ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་། ལག་རྩལ་ཡར་རྒྱས། སྤུས་རྟགས་གཏོད་པ་བཅས་ལ་སྐུལ་མ་ཐེབས་སྲིད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།