ཤན་རྩ་རྫོང་ནི་བོད་བྱང་ཐང་གི་ལྟེ་བའི་ལྷོ་རྒྱུད་དུ་གནས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་ཤན་རྩའི་ས་གཞི་ཆེན་པོར། རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཐུའུ་ཅ་རིགས། མོན་པ་རིགས་སོགས་མི་རིགས་11འཚོ་སྡོད་བྱེད་ཀྱི་ཡོད། ཉིན་རེ་བཞིན་ཕན་ཚུན་གཤིབ་པའི་བརྒྱུད་རིམ་ནང་། ཤན་རྩ་རྫོང་གི་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོད་ལ། ཏང་གི་དར་ཆའི་འོག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཆམ་མཐུན་གྱི་རྣམ་པ་ཞིག་བཏོད་ཡོད།
བསམ་བློར་དམ་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ།
“ངའི་མིང་ལ་པད་དཀར་ཟེར་གྱི་ཡོད། ངའི་མིང་ལ་བསོད་ནམས་ཟེར་གྱི་ཡོད། ངའི་མིང་ལ་དར་རྒྱས་ཆོས་དར་ཟེར་གྱི་ཡོད” དེ་ནི་ཤན་རྩ་རྫོང་བ་ཚྭ་ཤང་གསེར་ཉ་གྲོང་ཚོའི་འབྲོག་པ་མང་ཚོགས་ཚོས“ངས་སྤྱི་སྐད་སྦྱོང”བའི་སྐད་འཕྲིན་ཚོགས་པའི་ནང་རང་ཉིད་ངོ་སྤྲོད་བྱེད་བཞིན་ཡོད། ཚོགས་པ་དེའི་ནང་། གསེར་ཉ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀེ་སུའུ་དབྱིས་ཉིན་ལྟར་ཚང་མའི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ་མ་ཟད། བོད་རྒྱ་སྐད་ཡིག་གཉིས་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། དམངས་ཕན་སྲིད་ཇུས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་སྒྲོག་འགྲེལ་བྱེད་ཀྱི་ཡོད། ཀེ་སུའུ་དབྱིས“ང་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་རྒྱལ་མཚན‘ཆ་སྒྲིག’བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།
ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་འདིར་དམ་འཛིན་ནན་པོ་བྱས་ཏེ། དྲིལ་བསྒྲགས་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་དང་ཏང་ཀྲི་པུའུ་ཁག་གི་སློབ་སྦྱོང་གི་ནང་དོན་དུ་བྱས་པ་མ་ཟད། ལས་བྱེད་པས་སློབ་གསོ་གསོ་སྦྱོང་ལ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ཡོད།
དེ་དང་ཆབས་ཅིག་ཤན་རྩ་རྫོང་གིས་ད་དུང་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། གྲྭ་བཙུན་བཅས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་རང་བཞིན་གྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྒྲོག་འགྲེལ་པ་126ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཡོད།
“ང་ཚོས་དུད་ཚང་གཞིར་བཟུང་མང་ཚོགས་ལ《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ》བཟོས་ནས་སྤྲད་པར་བརྟེན། སློབ་སྦྱོང་གི་ཕན་འབྲས་ཧ་ཅང་བཟང་པོ་ཐོན་པ་དང་ད་ཆ་ང་ཚོའི་ཤང་གི་མང་ཚོགས་ཕྱིར་ལས་ཀ་བྱེད་པར་སྐྱོད་སྐབས་འབྲེལ་གཏུག་དང་སྤེལ་རེས་བྱེད་པའི་ཐད་སྟབས་བདེ་པོ་ཡོད”བ་ཚྭ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥང་ཧྭ་ཡིས། ཚོགས་སྤྱི་མི་འདྲ་བར་ཕྱོགས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བ་བརྒྱུད“ཁ་འབྲལ་ཐབས་མེད་པ་གསུམ”མི་སེམས་ལ་ཟུག་པ་དང་། “མོས་སེམས་ལྔའི”དོན་སྙིང་རྟོགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བརྗོད་བྱུང་།
དཔེ་མཚོན་འཛུགས་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཚན་པ་བཏོད་པ།
2019ལོར“རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་དགོན་པར”བདམས་པ་དང་2021ལོར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཁག་དགུ་པར”བདམས་པ་ནི་ཤན་རྩ་རྫོང་དོམ་རྭ་དགོན་པར་ཉེ་བའི་ལོ་ཤས་རིང་ཐོབ་པའི་གཟི་བརྗིད་མཚན་སྙན་རེད།
གཟི་བརྗིད་མཚན་སྙན་དེ་དག་གི་སྐོར་གླེང་སྐབས། དོམ་རྭ་དགོན་པའི་དགེ་འདུན་པ་ཀརྨ་གྲུབ་མཆོད་ཆོས་འབྱོར་གྱིས་སྤོབས་པ་ཆེ་ཤོས་བྱེད་པ་ནི། ལྗོངས་ཡོངས་སུ་བོད་གསར་རྙིང་བསྡུར་བའི་དྲིལ་བསྒྲགས་སློབ་གསོའི་དཔེ་སྟོན་འགྲེམས་ཁང་གི་འགྲེམས་ཁྲིའི་ནང་དུ་ཉར་ཚགས་བྱས་པའི་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་45དེ་དག་རེད། ཁོང་གིས། “1999ལོར་རྒན་ལགས་ཀྱི་སྐུལ་སློང་འོག་ང་ཚོས་རྒྱལ་དར་དང་པོ་དེ་བསྒྲེངས་བ་ཡིན། དེ་ནས་བཟུང་ལོ་བཅུ་ཕྲག་ཁ་ཤས་ནང་ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱས་པ་དང་གཟའ་འཁོར་རེར་རྒན་ལགས་ཀྱིས་ང་ཚོ་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་གྱི་ཡོད། རྒྱལ་དར་རྙིང་པ་ཆགས་ན། གསར་པ་བརྗེས་ནས་རྒྱལ་དར་རྙིང་པ་འགྲེམས་ཁྲིའི་ནང་དུ་ཉར་ཚགས་བྱེད་ཀྱི་ཡོད། ད་ཆ་རྒན་ལགས་གྲོངས་ཀྱང་ངས་ངེས་པར་དུ་རྒན་ལགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བརྗོད་བྱུང་།
ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་གིས་སྔོན་ཐོན་དཔེ་མཚོན་འཛུགས་གཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ལ་བརྩིས་པ་མ་ཟད། དཔེ་བཟང་དཔེ་མཚོན་གྱི་སྐྱེད་སྲིང་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་རིམ་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད། མིག་སྔར་ཤན་རྩར་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་31དང་། རང་སྐྱོང་ལྗོངས་རིམ་པའི་ཚན་པ་1རྒྱལ་ཁབ་རིམ་པའི་ཚན་པ་1བཅས་ཡོད།
སྟོབས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས།
“ལྷ་རྒྱལ། ཁྱེད་ནི་ངའི་སྤུན་ཟླ་ཡག་པོ་ཞིག་རེད། ང་ད་ཆ་རྒས་ཟིན་པས་ལོ་ཁ་ཤས་ལས་ཀ་བྱས་རྗེས་ཕ་ཡུལ་དུ་ལོག་གི་ཡིན། སྐབས་དེ་དུས་རང་གིས་ཚོང་ཁང་འདི་རྩིས་ལེན་རོགས། ནང་མི་སྣང་དག་མེད་པར་གསོ་ཐུབ”ཅེས་སྐར་ལྔའི་ཚོང་ཁང་གི་ཀྲང་ཝེ་ཅུན་གྱིས་ལྷ་རྒྱལ་ལ་དེ་ལྟར་བརྗོད།
ཀྲང་ཝེ་ཅུན་2012ལོར་ཤན་རྩ་རྫོང་དུ་སླེབས་ཤིང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཁོང་གི་ཚོང་ཁང་དེ་སྔའི་སྨི་ངོས་གྲུ་20ནས་ད་ཆའི་སྨི་ངོས་གྲུ་60བར་རྒྱ་ཆེ་རུ་ཕྱིན་ཡོད། ཁོང་གིས། “ཐོག་མར་ཤན་རྩ་རྫོང་དུ་སླེབས་སྐབས་སྐད་བརྡ་མི་འཕྲོད་པ་མ་ཟད་མི་ལའང་རྒྱུས་མངའ་དེ་ཙམ་མེད། འོན་ཀྱང་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་དགའ་བའི་འཛུམ་དང་ལྷག་བསམ་གྱི་བརྩེ་སེམས་བཅངས་ནས་གནད་དོན་ཐག་གཅོད་བྱས་ན་ང་དང་ས་གནས་དེ་གའི་མང་ཚོགས་འཆམ་པོ་ཡོང་སྲིད་པ་ང་ལ་ཡིད་ཆེས་བརྟན་པོ་སྐྱེས་བྱུང”ཞེས་བརྗོད་བྱུང་།
ཀྲང་ཝེ་ཅུན་གྱིས་བརྗོད་པ་ལྟར། ཁོང་དང་ས་གནས་དེ་གའི་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད། ད་ཆ་ཁོང་གིས་བོད་སྐད་གོ་ཐུབ་པ་མ་ཟད། ད་དུང་རྒྱུན་དུ་བོད་རིགས་གྲོགས་པོས་ཁྱིམ་དུ་མགྲོན་པོར་འབོད་ཀྱི་ཡོད། ཀྲང་ཝེ་ཅུན་གྱིས་གཅེས་སེམས་འཆང་བཞིན་དུ་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྒོར་ཁྲི་8ཙམ་རི་བའི་གྱོན་ཆས་དང་། བཟའ་བཅའ། འཚོ་བའི་མཁོ་ཆས་སོགས་བསྐྱལ་ཡོད། “མི་རིགས་ཁག་གི་སྤུན་ཟླ་ཚོས་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས” ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ལས་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ལག་ལེན་གསོན་ཉམས་དོད་པོས་རྒྱས་བཤད་གནང་བ་མ་ཟད། ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོའང་མཚོན་ཡོད། དེ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བརྩི་སྲུང་བྱ་གཞི་གལ་ཆེན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད།
ཀྲུང་གོ་ཡིད་རྟོན་ཚོགས་པས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.64བཏང་ནས་ཤན་རྩ་རྫོང་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བསྐྲུན་ཡོད། མཚོ་དམག་སྨན་ཁང་ཨང་905ཡིས་སྔ་རྗེས་སུ་སྨན་བཅོས་རུ་ཁག་ཁག་ཐེངས་20དང་རིགས་གཅིག་མཁས་ཅན་དང་། དགེ་རྒན་ཆེ་མོ་བ། སྨན་དོན་མི་སྣ་བཅས་100བཏང་ནས་ཤན་རྩ་རྫོང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་པ་དང་སྨན་པ་དང་སྨན་གཡོག་མི་ཐེངས་50ཙམ་གསོ་སྦྱོང་བྱས་ཡོད། རོགས་སྐྱོར་མ་དངུལ་དང་སྨན་བཅོས་སྒྲིག་ཆས་ལ་བཏང་བའི་མ་དངུལ་སྒོར་ཁྲི་ཉིས་སྟོང་ཙམ་ཟིན་པ་དང་། འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་བརྒྱ་ཙམ་ལ་ཞུགས་པ། མང་ཚོགས་མི་ཐེངས་ཁྲི་2ཙམ་ལ་ཞབས་འདེགས་ཞུས་ཡོད།