དབུ་ཤོག>གསར་འགྱུར།
  • ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2022-11-25

    ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད། སྤྱོད་བཟང་བསྐོ་གཞག་བཅས་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལས་བྱེད་པ་གང་འདྲ་ཞིག་མཁོ་བ་དང་ཇི་ལྟར་བྱས་ནས་ལས་བྱེད་པ་གསོ་སྐྱོང་བྱེད་དགོས་པའི་ཐད་ལན་གསལ་པོ་ཞིག་བརྒྱབ་སྟེ། དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་ལས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།

    ལས་བྱེད་པའི་དཔུང་ཁག་གི་ཆུ་ཚད་མཐོ་དམན་གྱིས་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་ཕན་འབྲས་གཏན་འཁེལ་བྱས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་བྱ་བ་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་སྤྱོད་ཚུལ་ངན་པ་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་འཛུགས་པ། 

    ཚད་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། སྒྲིག་ཁྲིམས་ནན་པོ་བཅས་རགས་ཙམ་འཛུགས་པ་བཅས་བྱས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། སྒྲིག་ལམ་གྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་བདེན་འཚོལ་དང་། དམ་པ་དོན་གཉེར། ཕན་འབྲས་དོན་གཉེར་བཅས་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་ཕྱིན་པ། ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་སྔར་བས་ལེགས་སུ་ཕྱིན་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་བཅས་བྱུང་ནས་མང་ཚོགས་ཁྲོད་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་བཏོད་ཡོད།

    མི་བཀོལ་སྤྱོད་བྱེད་པའི་སྟོན་ཕྱོགས་ནི་དར་ཆ་དང་ཚད་ཤིང་ཞིག་རེད། དར་ཆ་གསལ་སྟོན་གྱིས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི“དམིགས་བསལ་བཞིའི”ཆབ་སྲིད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བའི་མི་བཀོལ་སྤྱོད་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། བློ་སྟོབས་ཆེན་པོས་ཆབ་སྲིད་ཐད་ཉམས་སད་ཐེག་པའི་གོ་ཤེས་ཅན་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་མཁས་པའི་དངོས་སྒྲུབ་ཅན། ལམ་ལུགས་ལག་བསྟར་དང་བཅོས་སྐྱོང་ནུས་པ་ཆེ་བའི་འཇོན་ཐང་ཅན། བློ་རྒྱ་ཆེ་བ་དང་། མཐོང་རྒྱ་ཆེ་བ། བསམ་རྒྱ་ཡངས་པ་བཅས་ཀྱི་གསར་འབྱེད་ཅན། དཀའ་སྤྱད་སྙིང་རུས་དང་། ཉམས་ལེན་འབད་སྒྲུབ། ཧུར་བརྩོན་རྒྱལ་སྐྱོང་བཅས་ཀྱི་མི་དྲང་པོ་བཅས་བཀོལ་སྤྱོད་བྱས་ནས། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་དངོས་སུ་བདམས་ནས་བཀོལ་སྤྱོད་བྱེད་དགོས།

    བོད་སྒྱུར་འཕེལ་བརྟན་གསུམ་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་དགོས་ཀྱི་ཡོད། ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། གསོ་སྐྱོང་། འདེམས་པ་བཅས་བྱེད་པ་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་ན། “གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། ཉར་འཇོག”བཅས་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་བྱེད་པ་དང་། དམིགས་སའི་རང་བཞིན་གྱི་སྒོ་ནས་ཡིད་དབང་འགུག་ནུས་དང་འགྲན་རྩོད་བྱེད་ནུས་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས། ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོང་འདོད་པ་དང་། ཉར་ཐུབ་པ། ནུས་པ་ཐོན་ཐུབ་པ་བཅས་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པ་འདེམས་པ་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། མང་ཚོགས་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མཐའ་མཚམས་མངའ་ཁོངས་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

    མི་འདེམས་སྤྱོད་རྩ་བའི་ཆ་ནས་ལམ་ལུགས་དང་ལམ་སྲོལ་ལ་རྟེན་དགོས། སྤྱི་དོན་དུ་ཏང་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ཕུལ་བྱུང་ཤེས་ལྡན་མི་སྣའི་ནུས་རྩལ་ཀུན་འདོན་ལ་སྐུལ་མ་གཏོང་བའི་ལས་ཀའི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣ་འཇོན་ཐང་ཅན་དུ་འགྱུར་བར་ཕན་འདོགས་པའི་ལམ་ལུགས་དང་ཁོར་ཡུག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣས་ནུས་པ་གང་ཡོད་འདོན་པ་དང་མི་བཀོལ་སྤྱོད་གང་ལེགས་ཐུབ་པ་བཅས་བྱས་ནས། ཕུལ་བྱུང་ལས་བྱེད་པར“གནས་སྤོར”གྱི་རེ་བ་མཐོང་དུ་འཇུག་དགོས། འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི་གཏན་འབེབས་ལག་བསྟར་ཞིབ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མཁྲེགས་སར་གཏུག་ཕོད་པ་དང་རལ་གྲི་འཕྱར་ཕོད་པ། དགོས་པའི་ལས་མི་བྱེད་པ་དང་ལས་ཀ་མི་སྒྲུབ་མཁན་ལ“གནས་དབྱུང”གི་གནོན་ཤུགས་ཚོར་དུ་བཅུག་ནས། ལས་བྱེད་པའི་དཔུང་ཁག་གི་འགན་འཁུར་ཕོད་པའི་གསོན་ཤུགས་འཕེལ་བར་བྱེད་དགོས།

    ཏང་ནན་པོས་སྐྱོང་བའི་འགག་རྩ་དཔོན་རིགས་ནན་སྐྱོང་ལ་ཐུག་ཡོད། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རྣམ་པ་རིགས་བཞིའི”ནུས་པ་འདོན་སྤེལ་མཐའ་འཁྱོངས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མང་ཚོགས་ཉེ་འགྲམ་གྱི་དཔོན་ངན་ཟ་རྔམ་ཅན་ཆུང་གྲས་ལ་མཐའ་གཅིག་ཏུ་ཁྲིམས་གཅོད་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་ཁྲིད་དང་པོར”ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་། དབང་ཆ་གཅིག་སྡུད། མ་དངུལ་འདུས་ཆེ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་གཙོ་གནད་སྡེ་ཚན་དང་འགག་རྩའི་ལས་གནས་ཀྱི་ལས་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། འགོ་ཁྲིད་ལས་བྱེད་པས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རུལ་འགོག་འགྱུར་ཟོན་གྱི་སྲུང་རགས་བརྟན་པོ་འཛུགས་དགོས།

    ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བའི་རྗེས་སུ་ལས་བྱེད་པ་ནི་འགག་རྩའི་རྒྱུ་རྐྱེན་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར། ངེས་པར་དུ་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་ནུས་ལྡན་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཡོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།