དབུ་ཤོག>གསར་འགྱུར།
  • “ང་ཚོའི་ཁྱིམ་ཚང་གི་མི་རབས་གསུམ་བོད་དུ་གཞིས་ཚུགས་ཡོད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-22

    ལོ་38གོང་། ཀུའོ་ཀོང་ཅང་གིས་བོད་ལ་ཡིད་སྨོན་ཆེན་པོ་བྱེད་པ་ལས་ཕྱིས་སུ་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་འཛུགས་རྒྱུ་ཡིན་པ་ག་ལ་ཤེས།

    1984ལོར། ཀུའོ་ཀོང་ཅང་གི་ཨ་ཞང་ཝང་ཧྲུའུ་རེན་ཧྲན་ཏུང་ཆིང་ཏའོ་ཕིང་ཏུའུ་ཡི་ཕ་ཡུལ་དུ་གཉེན་འཕྲད་ལ་ཕྱིན་པ་དང་། དམའ་འབྲིང་ཐོན་མ་ཐག་པའི་ཀུའོ་ཀོང་ཅང་གི་ངོས་ནས་བརྗོད་ན་ཁོང་གི་ཨ་ཞང་ནི་དཔའ་བོ་ཞིག་རེད་ལ་སེམས་གཏིང་ནས་ཡིད་སྨོན་བྱེད་སའི་མི་ཞིག་ཀྱང་རེད།

    “ངའི་ཨ་ཞང་ནི་1950ལོར་བོད་དུ་བསྐྱོད་པའི་དམག་མི་རྒན་གྲས་ཤིག་ཡིན་པ་དང་། བོད་དུ་ལོ་36བསྡད་པ་རེད”ཅེས་ཀུའོ་ཀོང་ཅང་གིས་བརྗོད་པ་དང་། སྐབས་དེ་དུས་གཉེན་ཉེ་ཐུག་འཕྲད་བྱེད་སྐབས་ཨ་ཞང་གིས་ཁོང་ཚོར་ས་གནས་དེ་གའི་མང་ཚོགས་དང་ཁོང་དབར་གྱི་གཏམ་རྒྱུད་མང་པོ་ཞིག་བརྗོད་ཡོད། ཀུའོ་ཀོང་ཅང་གི་སེམས་ནང་སྐབས་དེ་དུས་ནས་བོད་དུ་འགྲོ་རྒྱུའི་རེ་བའི་ས་བོན་བཏབ།

    1985ལོར། ཀུའོ་ཀོང་ཅང་གི་གཅེན་མོ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ནགས་ར་སློབ་ཆུང་ནས་འཁོར་ཞག་ལ་ཁྱིམ་དུ་ལོག་སྐབས། ཀུའོ་ཀོང་ཅང་བོད་དུ་བསྐྱོད་རྒྱུའི་དོན་དེར་རྒྱབ་སྐྱོར་ཆེན་པོ་བྱས། “སྐབས་དེ་དུས་གཅེན་མོས། རང་འགྲོ་འདོད་ཡོད་ཚེ། ང་རང་འཁོར་ཞག་མཇུག་འགྲིལ་རྗེས་མཉམ་དུ་འཁྲིད་ཆོག ད་དུང་ངས་བོད་ནས་རང་ལ་མནའ་མ་ཞིག་འཚོལ་རོགས་བྱས་ཆོག”ཅེས་བཤད། སྐབས་དེར་ཀུའོ་ཀོང་ཅང་གིས་གཅེན་མོས་ཀུ་རེ་རྩེད་ཀྱི་འདུག་སྙམ་ནས་སྣང་བ་དེ་ཙམ་བཞག་མེད།

    ཕྱིས་སུ་གཅེན་མོ་དང་མཉམ་དུ་གྲོ་མོར་སླེབས་རྗེས། ཀུའོ་ཀོང་ཅང་གིས་ད་གཟོད་གཅེན་མོས་བཤད་པ་ཚང་མ་བདེན་པ་ཡིན་པ་ཤེས། གཅེན་མོའི་ལས་རོགས་གཅིག་གི་མིང་ལ་ཉི་མ་ཟེར་བ་དང་། ཁོ་གཉིས་འཆམ་པོ་ཡོད། ཐེངས་ཤིག་ཉི་མས་གཅེན་མོའི་ཁྱིམ་ནས་ནང་མིའི་མཉམ་པར་མཐོང་སྐབས། དེའི་ནང་གི་ཕོ་གསར་ཞིག་ལ་མཛུབ་མོ་བཙུགས་ཏེ་བསྔགས་བརྗོད་ཡང་ཡང་བྱས། གཅེན་མོས་དེ་ནི་ངའི་གཅུང་པོ་ཀུའོ་ཀོང་ཅང་རེད། འདི་ལོ(1985ལོ)ཧྲན་ཏུང་དུ་འཁོར་ཞག་ལ་ལོག་རྗེས་གཅུང་པོ་བོད་དུ་ཁྲིད་ཡོང་ནས་ཁྱེད་གཉིས་ངོ་ཤེས་བཏང་ན་གང་འདྲ་འདུག་གམ་ཞེས་བཤད། ཉི་མས་འཛུམ་དམུལ་དམུལ་ངང་མགོ་ལྕོག་ལྕོག་གིས་མོས་མཐུན་བྱས།

    ཀུའོ་ཀོང་ཅང་གཅེན་མོའི་རྗེས་སུ་འབྲངས་ནས་གྲོ་མོ་རྫོང་ནགས་ར་སློབ་ཆུང་དུ་སླེབས་སྐབས་ཉི་མ་དངོས་གནས་དེ་གར་སླེབས། ཀུའོ་ཀོང་ཅང་གིས་མགོ་བོ་བཏེགས་ནས་བུ་མོ་དེ་ལ་ལྟ་ཙམ་བྱས་པས་དེ་མ་ཐག་ངོ་གདོང་དམར་པོར་གྱུར། ཕྱིས་སུ་ཀུའོ་ཀོང་ཅང་གིས་གྲོ་མོ་རྫོང་གི་ནགས་རར་ལས་ཀ་ཞིག་བཙལ་བ་དང་ཉི་མ་དང་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས་མཐར་ཁོང་གཉིས་མཉམ་དུ་འཚོ་བ་བསྐྱལ།

    གཉེན་སྒྲིག་བྱས་རྗེས། ཀུའོ་ཀོང་ཅང་བཟའ་ཚོར་བུ་གཅིག་དང་བུ་མོ་གཅིག་སྐྱེས། 2014ལོར། བུ་མོ་ཀུའོ་ལིན་ཧྥང(བོད་མིང་མིག་དམར་གཡུ་སྒྲོན)བོད་ཀྱི་ཉེན་རྟོག་དཔོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་ཐོན་རྗེས། བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་རིན་ཆེན་རྩེ་ཤང་མངགས་གཏོང་ཁང་དུ་ལས་ཀ་བྱེད་ཀྱི་ཡོད།

    “ངས་རྟག་ཏུ་ཕྲུ་གུ་ཚོར་ཨ་ཞང་གི་མི་རབས་རྣམས་ལ་སློབ་སྦྱོང་བྱས་ཏེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་ཞེས་ཤོད་ཀྱི་ཡོད”ཅེས་ཀུའོ་ཀོང་ཅང་གིས་བརྗོད།

    བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་གི་ཚེ་དབྱངས་ཀྱི་ཕ་མ་གཉིས་ཀ་གྲོངས་ནས། ལོང་བར་གྱུར་བའི་རྨོ་བོ་ལགས་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། རིན་ཆེན་རྩེ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གནས་ཚུལ་དེ་ཤེས་རྗེས། ཁྱིམ་ཚང་དེར་ཐོག་མཐའ་བར་གསུམ་དུ་རོགས་རམ་བྱེད་ཀྱི་ཡོད། “སྐབས་དེ་དུས། བུ་མོ་ཆུང་ཆུང་དེའི་འཚོ་བར་དཀའ་ངལ་ཡོད་སྟབས་སློབ་གྲྭར་འགྲོ་མ་ཐུབ་པར་ཁྱིམ་དུ་སྡོད་དགོས་བྱུང་བས། ངའི་བུ་མོ་དང་བུ་མོ་ཆུང་ཆུང་དབར‘གཉེན་ཉེ’བསྒྲིགས་ནས་རྟག་ཏུ་ཁོ་མོར་རོགས་རམ་བྱེད་ཀྱི་རེད”ཅེས་ཀུའོ་ཀོང་ཅང་གིས་བརྗོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཚེ་དབྱངས་ད་ཆ་སློབ་འབྲིང་དུ་སྐྱོད་བཞིན་ཡོད།

    ཀུའོ་ཀོང་ཅང་རང་ཉིད་ཀྱང་མི་སེམས་བཟང་ཞིག་རེད། 2011ལོའི་ཟླ་9ཚེས་18ཉིན་གྲོ་མོར་ས་ཡོམ་བརྒྱབ་པ་དང་། ཀུའོ་ཀོང་ཅང་གནས་སའི་སིང་མ་གྲོང་རྡལ་པ་ཅང་གྲོང་ཚོར་ཤུགས་རྐྱེན་ཕོག་ནས། ཁྱིམ་ཚང་མང་པོའི་ཁང་པ་ཉེན་ཁང་དུ་གྱུར་པ་དང་སྐབས་ཤིག་རིང་ཡོང་འབབ་ཡང་མེད།

    ཕྱུག་འགྱུར་གྱི་ལམ་བུ་དེ་བས་ཡག་པ་ཞིག་འཚོལ་ཆེད། ཀུའོ་ཀོང་ཅང་གིས་འབྲེལ་ཡོད་སྡེ་ཚན་ལ“འབྲོག་རའི”ཚོང་རྟགས་རེ་ཞུ་ཧུར་ཐག་བྱས་ཡོད། ཆོག་མཆན་ཐོབ་རྗེས། ཁོང་གིས་འཕྲལ་དུ་གྲོང་ཚོའི་ནང་གི་ཏང་ཡོན་རྒན་གྲས་ཚེ་དབྱངས་དང་གྲོང་ཚོའི་ཏང་ཀྲི་པུའུ་བཙལ་ནས་གྲོས་བསྡུར་བྱས་པ་མ་ཟད། དུད་ཚང་དབུལ་པོ་ལྔ་མཉམ་ལས་ཁང་དུ་བཅུག་པ་དང་། ཐུན་མོང་ཐོག་མ་དངུལ་བཏོན་ནས་གྲོ་མོ་གཏེར་ཆུའི་བྲ་བོའི་ཨ་རག་སྙོལ་བའི་ཆེད་ལས་མཉམ་ལས་ཁང་བཙུཌ་པ་རེད། བོད་རག་ཁྲོམ་རར་བཏོན་རྗེས། ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ཀུའོ་ཀོང་ཅང་དང་མཉམ་ལས་ཁང་གི་ཁོངས་མི་ཚོ་ཡང་སྤྲོ་བ་རབ་ཏུ་བརྟས།

    གྲོ་མོར་སྡོད་རིང་གི་ལོ་འདི་དག་ལ། ཀུའོ་ཀོང་ཅང་གིས་བསྒྲུབས་པའི་བྱ་བ་བཟང་པོ་དེ་ཙམ་གྱིས་ག་ལ་ཚད། ཁྱིམ་ཚང་དབུལ་པོར་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ་ནས་གྲོང་པ་ཁྱིམ་མཚེས་དང་གྲོགས་པོ་ཚོར་རོགས་རམ་བྱེད་པའི་བར་ཁོང་གིས་ནུས་ཤུགས་མང་པོ་བཏོན་ཡོད། 2020ལོར། ཀུའོ་ཀོང་ཅང་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ལ་བདམས་ཡོད།

    “ང་ཚོའི་ཁྱིམ་གྱི་མི་རབས་གསུམ་ཚང་མ་བོད་དུ་རྩ་བ་ཚུགས་པ་དང་། ངའི་ཨ་ཞང་གི་མི་རབས་ཚོས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ནང་ཞུགས་པ་དང་། ང་རང་བོད་དུ་གཉེན་སྒྲིག་བྱས་ཏེ་བོད་ལྗོངས་འཛུགས་སྐྲུན་བྱེད་པ། ད་ཆ་ངའི་ཕྲུ་གུ་ཚོ་ཡང་མུ་མཐུད་བོད་དུ་འཚོ་བ་སྐྱེལ་བཞིན་ཡོད། ང་ཚོ་དང་འདི་གའི་མི་རྣམས་བྲལ་མི་ཐུབ་པར་གྱུར་ཡོད”ཅེས་ཀུའོ་ཀོང་ཅང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།