དབུ་ཤོག>གསར་འགྱུར།
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-22

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་བློ་གྲོས་དང་སྟོབས་ཤུགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐོག་གཅིག་སྒྲིལ་བྱེད་དགོས།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་གཉིས་པར་འབད་འཐབ་བྱེད་པའི་དམིགས་ཚད་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ལ། དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ། འབྱུང་འགྱུར་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་སྲིད་དོན་བྱེད་ཕྱོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བཅས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་གནང་ཡོད། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བཀོད་སྒྲིག་གལ་ཆེན་གཏིང་ཟབ་དང་རྒྱ་སྐྱེད་བཏང་བས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་ཧ་ཅང་འཕེལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

    དོན་དངོས་ནི་གསོན་ཉམས་དོད་ཤོས་ཀྱི་བསླབ་གཞི་ཡིན་པ་དང་ལག་ལེན་ནི་ཆེས་ནུས་ལྡན་གྱི་དཔང་རྟགས་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ལོ་གཅིག་རིང་གི་ལག་ལེན་ལས་ར་འཕྲོད་བྱུང་བར། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག བོད་ཀྱི་དོན་དངོས་བཅས་དང་རྦད་དེ་མཐུན་ཞིང་། དུས་རབས་གསར་པར“གོམ་སྟབས་གཉིས་ལ་ཕྱེ་ནས་སྐྱོད་པའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། བོད་ཡུན་རིང་བདེ་འཁོད་ཡོང་བ། རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བཅས་ཀྱི་ལག་ལེན་ཞིབ་ཕྲ་ཚན་རིག་དང་མཐུན་པའི་ངང་བོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལ་གང་ལེགས་རྟེན་པའི་བྱེད་ཐབས་ཞིབ་ཕྲ་ཤིག་བཅས་ཡིན་པ་ལས་ལྗོངས་ཏང་ཨུད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་དང་བསམ་འདུན་མཚོན་ཞིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་དང་འབྲེལ་བ་ཡོད།

    “འཛུགས་གཏོད་བཞིའི”ནང་དོན་ཕུན་སུམ་ཚོགས་པ་དང་། མ་ལག་ཆ་ཚང་བ། ངོ་བོ་གཅིག་གྱུར། ཕན་ཚུན་སྐུལ་འདེད་གཏོང་བ་བཅས་རེད། “མདུན་གྲལ་དུ་སླེབས་པ་བཞིའི”འགན་འཁྲི་ཆེ་བ་དང་ལས་འགན་ལྕི་བས་དུས་ཐུང་ནང་ལེགས་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་བསྟུན་དགོས། ལམ་བར་དཀའ་ཚེགས་མང་པོ་བརྒྱུད་དགོས་མོད། འོན་ཀྱང་རྒྱུན་འཁྱོངས་བྱས་ཚེ་མཐར་རྒྱལ་ཁ་འཐོབ་ངེས། ང་ཚོས་ངེས་པར་དུ་མ་ལག་གི་ལྟ་བ་དང་འཐབ་ཇུས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ། དུས་ཚོད་ཀྱིས་མི་མི་སྒུག་པའི་འདུ་ཤེས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་བཅངས་ནས། བྱས་རྗེས་འཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད། བྱས་པའི་རྗེས་དང་དྲུད་པའི་ཤུལ། གཟེར་འདེབས་ཀྱི་སྙིང་སྟོབས་བཅས་འཛུགས་ནས“འཛུགས་གཏོད་བཞིའི”ལས་དོན་ལ་སྐུལ་འདེད་གཏོང་དགོས། དེ་ལྟར་བྱས་ཚེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་གཞི་ནས་སྔར་བས་བྱས་རྗེས་འཇོག་ཐུབ་པ་དང་ཡུན་རིང་བརྟན་པོ་ཡོང་ཐུབ།

    མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ་པ་དང་། འབད་འཐབ་བྱས་ན་གཞི་ནས་ལེགས་གྲུབ་ཡོང་ཐུབ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ལ། དེ་བས་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། སྐུལ་སློང་ཐུབ་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སློང་བྱས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་ཐུབ་པའི་འབད་འཐབ་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐར་ཕྱིན་བྱེད་པ་ཟུང་འབྲེལ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་གྱིས། དཀའ་སྤྱད་འབད་འབུངས་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་རྒྱང་ལམ་དུ་བོད་ཀྱི་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་བོད་ཀྱི་ལེགས་སྐྱེས་མངོན་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།