དབུ་ཤོག>གསར་འགྱུར།
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-18

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་འདིར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ་11ཚེས་16ཉིན་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་མ་ཟད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་དང《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་གསབ་འདེམས་བྱས་པ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པས། ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པའི་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ལ་འགན་ལེན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་ནང་གནས་ཀྱི་བླང་བྱར་བརྩིས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་དང་། “གསེར་རི་དངུལ་རི་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས། སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་ཤུགས་སྣོན། སྐྱེ་ཁམས་ཀྱི་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་འཐབ་ཇུས་ལས་འགན་དུ་བརྩིས་ཏེ་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱས་ཏེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས།

    ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་ཁྲོད་དུ་ཡོད། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཁྱབ་པའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཁྱབ་པའི་གཙོ་རྐང་མངོན་གསལ་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་མཐའ་འཁྱོངས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་འདུན་པ་ཟམ་མི་ཆད་པར་མངོན་འགྱུར་བྱ་རྒྱུ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ། ལས་ཞུགས་འབབ་འཕར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་དམངས་འཚོའི་ལས་དོན་གྱི་རྨང་རྡོ་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་བྱ་གཞག་ལ་སྤྱི་འདོམས་སྐུལ་འདེད་དང་དམངས་འཚོའི་དོན་དངོས་ཁག་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་རྒྱག་པ་དང་དམངས་འཚོའི་གླེང་མང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་ཧུར་ཐག ནུས་ཤུགས་ཡོད་རྒུས་མི་སེམས་གཅིག་སྒྲིལ་བཅས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྩ་བའི་རྨང་གཞི་རྒྱུན་ཆད་མེད་པར་རྒྱ་ཆེར་དང་བརྟན་དུ་གཏོང་དགོས།

    ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་པས་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དང་དེ་བཞིན་མི་སེམས་གཏད་ཕྱོགས་བཅས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས“འཛུགས་གཏོད་བཞིར”སྐུལ་འདེདགཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་བྱེད་པར་ངེས་པར་དུ་སྤྱོད་ཚུལ་འཛུགས་སྐྱོང་སྔོན་ལ་འཇོག་དགོས། སྒྲིག་ཁྲིམས་ནན་པོ་མེད་པ་དང་། འགན་འཁུར་ཚད་མི་འདང་བ། སྤྱོད་ཚུལ་ཡག་པོ་མེད་པ། འཐབ་རྩོད་ཀྱི་འདུ་ཤེས་ཞན་པ། ལྷོད་གཡེང་གི་བསམ་བློ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་སྒྲིག་ཁྲིམས་སྒྲིག་ལམ་ནན་སྲུང་དང་། འགན་འཁྲི་འཁུར་ཕོད་པ། བྱ་སྤྱོད་ལ་གཙིགས་ཆེན་དང་དངོས་གཉེར། མཐུན་སྒྲིལ་ལས་སྒྲུབ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྟོན་ཕྱོགས་བཙུགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཞིབ་ཚགས་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    གྲུ་གཡོར་བསྒྲེངས་ནས་ང་ཚོས་འབད་འབུངས་མདུན་སྐྱོད་ཀྱིས་དེ་བས་བརྗིད་རླབས་ཆེ་བའི་རྒྱང་སྐྱོད་ལམ་བུར་སྐྱོད་བཞིན་ཡོད། དུས་བསྟུན་མདུན་སྐྱོད་བྱས་ཚེ་ང་ཚོས་རྒྱལ་ཁ་དེ་བས་རླབས་པོ་ཆེ་ལེན་ཐུབ་ངེས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང་དེ་བས་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།