བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”སྟེ་ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་ནི་རི་ཚོགས་འདབས་ཀྱི་ཉང་ཆུ་གཙང་པོའི་ངོགས་སུ་ཆགས་ཡོད།
ཁོད་སྙོམས་པའི་གྲོང་ཚོའི་ལམ་བུ་བརྒྱུད་རླངས་འཁོར་བསྡད་ནས་ཐད་ཀར་གྲོང་ཚོའི་ལྟེ་བར་གནས་པའི“མཐུན་སྒྲིལ་ཐང་ཆེན”དུ་བསྐྱོད་པ་ཡིན།
གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེ་ནི་སྟོབས་དང་ལྡན་པའི་སྐྱེས་པ་དར་མ་ཞིག་ཡིན་ཞིང་། ཁོང་གིས་སྤྲོ་སྣང་ཆེན་པོས་ང་ཚོ་ཐང་ཆེན་གྱི་གཞོགས་སུ་ཡོད་པའི“གསར་བརྗེའི་ཞིབ་སློབ་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་ཁང”དུ་ཁྲིད། “འགྲེམས་ཁང་ནི་འདི་ལོའི་ཟླ་3པར་བསྐྲུན་ནས་སྒོ་ཕྱེ་མ་ཐག་རེད། འདི་ནས་ཀ་ལ་གྲོང་ཚོའི་མཛེས་སྡུག་དང་ཕྱུག་པོར་གྱུར་བའི་བརྒྱུད་རིམ་ཧྲིལ་པོ་མཐོང་ཐུབ”ཅེས་བཤད།
འགྲེམས་ཁང་ནང་གི་འགྲེམས་དངོས་གཉིས་ལ་ང་ཚོ་དོ་སྣང་ཆེན་པོ་བྱུང་།
གཅིག་ནི་ཁ་དོག་སེར་པོར་གྱུར་བའི་དུང་ཆེན་ཞིག་རེད། “དེ་སྔ་གྲོང་ཚོར་དུང་བརྡ་གཏོང་རྒྱུ་མེད་པས་མང་ཚོགས་ཚོགས་འདུར་སྐོང་སྐབས་གྲོང་ཚོའི་ལས་བྱེད་པས་སྐད་རྒྱག་པའམ་ཡང་ན་ཐེམ་དུད་རེ་རེ་བཞིན་ལན་སྐྱེལ་བར་འགྲོ་དགོས་ཀྱི་ཡོད”ཅེས་ཉི་མ་རྡོ་རྗེས་བཤད་པ་དང་། ཁོང་གིས“ཡིན་ནའང་ད་ཆ་རྒན་རྒོན་ཚོས་ཀྱང་རིག་ནུས་ལག་ཐོགས་ཁ་པར་སྤྱོད་ཀྱི་ཡོད་པས། ང་ཚོས་ཁ་པར་གཏོང་བ་ཙམ་མ་ཟད། ད་དུང་སྐད་འཕྲིན་ནས‘ངོ་ཐུག་གདོང་འཕྲད’ངང་གླེང་མོལ་བྱེད་ཀྱི་ཡོད”ཅེས་བཤད།
གཅིག་ཤོས་ནི་ཚང་མའི་གདོང་ལས་འཛུམ་མདངས་ཀྱིས་ཕྱུག་པའི་འདྲ་པར་ཆེན་པོ་ཞིག་རེད། དེའི་ནང་འཛུམ་ཞལ་ངོམ་པའི་མི་ཚང་མས་ལག་གཉིས་སུ་དངུལ་སྦབ་ཆ་རེ་ཉར་བ་ལས་བརྗོད་ཀྱིས་མི་ལང་བའི་སྤྲོ་བ་ཆེན་པོ་ཞིག་མངོན་གྱིན་འདུག
“འདི་ནི་ལོ་གསར་གཏོང་སྐབས་གྲོང་མི་ཚོར་བགོ་འགྲེམས་རྒྱག་པའི་རྣམ་པ་ཞིག་རེད། ལོ་དེ་དག་ནང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་གྲོང་མི་ཚོའི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ཡོད། གཟིགས་དང་། དུད་ཁྱིམ་འདི་ལ་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་བས་ཡོང་འབབ་མང་ཤོས་ཀྱི་དུད་ཁྱིམ་གྲས་ཤིག་རེད”ཅེས་བཤད།
གསར་འགོད་པས“དཔལ་འབྱོར་ཡོང་ཁུངས་གཙོ་བོ་གང་ཡིན་ནམ”ཞེས་འདྲི་སྐབས།
ཁོང་གིས“ཀ་རྟེན་ཐོན་ལས་ཆེན་པོ་གསུམ་ཡོད་པ་སྟེ། གཅིག་ནི་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་ཡིན་ཞིང་། སྐྱེལ་འདྲེན་བྱེད་པ་ཕུད་གྲོང་ཚོས་ད་དུང་རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་ཀྱང་ཉོས་ནས་ཉེ་འགྲམ་དུ་ལམ་བཟོ་བ་དང་ཁང་པ་རྒྱག་སྐབས་ང་ཚོ་ཞུགས་ཡོད། ལོ་གཅིག་རིང་། སྐྱེལ་འདྲེན་རུ་ཁག་ལ་ཡོང་འབབ་སྒོར་ཁྲི་སུམ་བརྒྱ་བཞི་བརྒྱ་ཙམ་བྱུང་ཡོད། གཉིས་ནི་ཡུལ་སྐོར་དང་འཐུ་བསྡུ་བྱ་རྒྱུ་དེ་ཡིན་ཞིང་། གྲོང་ཚོ་ཡོངས་སུ་འཐུ་བསྡུ་གླིང་མུའུ་80ལྷག་ཙམ་ཡོད་པར་རྒུན་འབྲུམ་སྔོན་པོ་དང་འབྲི་ཏ་ས་འཛིན་སོགས་ཤིང་འབྲས་སྣ་ཁ་17བཏབ་ཡོད་ལ། ལོ་ལྟར་ནང་མི་ཁྲིད་ནས་འཐུ་བསྡུ་གླིང་དུ་ཤིང་ཏོག་འཐུ་མཁན་ཡུལ་སྐོར་བ་རྫོགས་རྒྱུ་མེད”ཅེས་ཉི་མ་རྡོ་རྗེས་རྒྱུས་མངའ་ཆེན་པོས་བཤད་པ་དང་། ཁོང་གིས“དེ་དག་ལས་ཀྱང་སྐད་གྲགས་ཆེ་ཤོས་ནི‘ཁམ་བུའི་མེ་ཏོག་གི་དགའ་ཚལ’ལས་བྱུང་བའི་ཡུལ་སྐོར་གྱི་ཡོང་འབབ་རེད”ཅེས་བཤད།
ཁོས་གིས་ང་ཚོ་འགྲེམས་ཁང་ནས་རི་གཤམ་དུ་ཡོད་པའི་ཁམ་བུའི་དགའ་ཚལ་ལ་ལྟ་བར་ཁྲིད་བྱུང་།
“འདི་གར་རང་བྱུང་ནགས་ཚལ་མུའུ་300ཙམ་ཡོད། ལོ་བཅུ་ལྷག་ཙམ་རིང་ཁམ་བུའི་མེ་ཏོག་ལོ་ལྟར་བཞད་རུང་བེད་སྤྱོད་གཏོང་ཤེས་ཀྱི་མེད་ལ། དེར་བརྟེན་ནས་འཚོ་ཐབས་བྱ་ཐུབ་བསམ་པར་ཡང་མེད། གང་ལགས་ཤེ་ན། སྐབས་དེ་དུས་གྲོང་ཚོའི་གང་སར་བཙོག་ཟིང་ཆེ་ལ་ཐ་ན་ཨར་འདམ་ལམ་ཡང་མེད་པས་ཡུལ་སྐོར་བ་ཡོང་རྒྱུ་སྤྲོས་བྲལ་རེད”ཅེས་ཉི་མ་རྡོ་རྗེས་བཤད་པ་དང་། ཡང་ཁོང་གིས“ལོ་དེ་དག་ནང་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། ཚང་མས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤེས་པས‘ཁམ་བུའི་མེ་ཏོག་གི་དགའ་ཚལ’རིམ་བཞིན་གསེར་བྱང་ལྟ་བུའི་ང་ཚོའི་འབབ་ཁུངས་གཙོ་བོར་གྱུར་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
“ཁམ་བུའི་མེ་ཏོག་དུས་ཆེན”གཉེར་བ་དེས“ཁམ་བུའི་མེ་ཏོག་གྲོང་ཚོར”སྔར་བས་བཀྲག་མདངས་འཚེར་ཞིང་། ཀ་ལ་གྲོང་ཚོའི“ཁམ་བུའི་མེ་ཏོག་དུས་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་དབྱིབས་རི་མོའི”ཐོག་ང་ཚོས་2021ལོར“ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡོང་འབབ”ཁོ་ནར་སྒོར་ཁྲི་460ཟིན་པ་མཐོང་བྱུང་།
མི་རིང་བའི་སར་ཡོད་པའི་ཨར་སྐྲུན་བྱ་ཡུལ་དུ་ཉི་མ་རྡོ་རྗེས་ལས་ལ་བྲེལ་བཞིན་པའི་གཞོན་ནུ་མ་ཤི་ལོག་བོས་ནས་འཚོ་བའི་འགྱུར་ལྡོག་སྐོར་བརྗོད་དུ་བཅུག
“སྔོན་ཆད་ང་ཚོར་བཟའ་རྒྱུ་རྩམ་པ་དང་། ཞོག་ཁོག པད་ཚལ་བཅས་ལས་མེད། ད་ཆ་གང་ཟ་འདོད་ཀྱང་ཚང་མ་ཡོད་པས་ཧ་ཅང་སྟབས་བདེ་པོ་ཡོད། སྔོན་ཆད་ཐག་ཉེ་ཤོས་ཀྱི་ཚལ་ཁྲོམ་ཞིག་ཏུ་བསྐྱོད་དགོས་ན་རླངས་འཁོར་བསྡད་ནས་ཆུ་ཚོད་གཉིས་ཙམ་འགྲོ་དགོས་ཀྱི་ཡོད། ད་ཆ་ཆུ་ཚོད་ཕྱེད་ཀ་ཙམ་ལས་འགོར་གྱི་མེད། སྔོན་ཆད་ང་ཚོ་ཚང་མ་གུ་དོག་པའི་ས་ཁང་ནང་སྡོད་ཀྱི་ཡོད། ད་ཆ་ངའི་སྡོད་ཁང་ཉིས་ཐོག་ཡིན་པ་མ་ཟད་རྒྱ་ཁྱོན་ལའང་སྨི་ངོས་གྲུ་200ལྷག་ཙམ་ཡོད”ཅེས་ལོ་33ལ་སླེབས་པའི་ཤི་ལོག་གིས་ལབ་ཐེངས་གཅིག་ལ་སྔ་དེང་བསྡུར་བའི་དཔེ་མཚོན་3དྲངས་ནས་བཤད།
འོ་ན“ཡོང་འབབ་གང་འདྲ་འདུག་གམ”ཞེས་གསར་འགོད་པས་འདྲི་སྐབས།
ཁོང་གིས“ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ངའི་ཁྱིམ་ལ་ས་ཞིང་མུའུ་29ཡོད་པ་ནས་ཆ་ཤས་གཅིག་བོགས་མར་བཏང་བས། ལོ་ལྟར་བགོ་འགྲེམས་ཁོ་ནར་སྒོར་ཁྲི་6ལྷག་ཙམ་རག་གི་འདུག”ཅེས་བཤད།
ཉི་མ་རྡོ་རྗེས་ཁམ་བུའི་མེ་ཏོག་གི་དགའ་ཚལ་ལ་མཛུབ་མོ་བཙུགས་ནས “སླད་ཕྱིན་ཡོང་འབབ་ད་དུང་མང་དུ་འགྲོ་ངེས་རེད། ང་ཚོས་རི་སྟེང་དུ་ལྗོངས་གཟིགས་སྒང་དང་ཤེལ་གྱི་སྤྲོ་གསེང་ལམ་ཆུང་བཟོ་རྩིས་ཡོད། དེ་ལྟར་བྱས་ཚེ་ཡུལ་སྐོར་བས་རི་ཁྲོད་དུ་ཡུལ་སྐོར་བྱེད་ཆོག་ལ། ཉེ་འགྲམ་དུ་ཁམ་བུའི་མེ་ཏོག་གླིང་དང་རྦབ་ཆུ་མང་པོ་མཐོང་རྒྱུ་ཡོད་པས་དེ་ལྟ་བུའི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད”ཅེས་བཤད། ཁོང་ཚོའི་རེ་བས་ཁེངས་པའི་མིག་ཟུང་དང་ལྷང་ལྷང་དུ་གྲགས་པའི་དགོད་སྒྲ་ཐོས་སྐབས། ང་ཚོས་2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་གཟིགས་ཞིབ་གནང་སྐབས“ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་བསྡུས་རིས་ཤིག་རེད། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད”ཅེས་གནང་བའི་གདེང་འཇོག་དེ་ལྷང་ངེར་དྲན་བྱུང་།
རེད་ཡ། ད་ལྟ་མ་གཞི་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་མིན་ནའང་། སྔར་བས་གསོན་ཤུགས་ལྡན་ལ་ཡིད་དབང་འཕྲོག་པའི“ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས་གསར་པ”ཞིག་ང་ཚོའི་མིག་ལམ་དུ་འཆར་བྱུང་།