ཀྲུང་གོ་ནི་འཛམ་གླིང་ཐོག་དར་གོས་བཀོལ་སྤྱོད་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཡིན་ཞིང་། ཀྲུང་གོའི་དར་གོས་ཀྲན་གོའི་དུས་སྐབས་ཏེ། གནའ་སྔ་མོ་ནས་ནུབ་ཕྱོགས་སུ་དར་ཁྱབ་བྱུང་ཡོད་ལ། ཀྲུང་གོའི་ཡུལ་ཟོག་ཁྱད་འཕགས་ཅན་གྱི་མཚན་སྙན་ཡང་ཐོབ་ཡོད། དེ་ལྟར་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པ་དང་ལྔ་པའི་སྐབས་སུ་ཀེ་རི་སི་རྒྱལ་ཁབ་ཀྱི་མིས་ཀྲུང་གོ་ལ་སེ་རེ་སི་(赛里斯Seres)སྟེ་དར་གྱི་རྒྱལ་ཁབ་ཅེས་བརྗོད་སྲོལ་ཡོད། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པར་ཧན་ཝུའུ་ཏེ་ཡིས་ཀྲང་ཆན་ནུབ་རྒྱུད་ཁུལ་དུ་སྔ་རྗེས་སུ་ཕོ་ཉར་ལན་གཉིས་མངགས་འབྲས་སུ། ནུབ་རྒྱུད་དུ་སྐྱོད་པའི་ལམ་གྱི་སྒོ་མོ་ཕྱེ་སྟབས། ཧན་རྒྱལ་རབས་དང་ཨེ་ཤེ་ཡ་དབུས་ཁུལ་དབར་གྱི་འགྲིམ་འགྲུལ་ལམ་བུ་སྔར་བས་ཇེ་ཡངས་སུ་སོང་བ་དང་སྦྲགས། ཀྲུང་གོའི་དར་གོས་འབོར་ཆེན་ཡང་ལམ་བུ་དེ་བརྒྱུད་ནས་ནུབ་ཕྱོགས་སུ་འདྲེན་ཐུབ་པ་བྱུང་བས། ཕྱི་རབས་རྣམས་ཀྱིས་ལམ་བུ་དེར་དར་གོས་གནའ་ལམ་ལམ་དར་ལམ་ཞེས་འབོད་ཀྱི་ཡོད། དེས་ན་དར་གོས་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་གཉིས་ཀྱི་རིག་གནས་འབྲེལ་འདྲིས་གང་ལེགས་བྱུང་བ་མངོན་ཞིང་། དར་གོས་གནའ་ལམ་ནི་འཛམ་གླིང་ཤར་ནུབ་གཉིས་དབར་གྱི་འབྲེལ་བ་རྒྱུན་སྐྱོང་བའི་མཛའ་གཅུགས་ཀྱི་གསེར་ཟམ་ལྟ་བུ་ཞིག་ཏུ་གྱུར་པ་ནི། སྤྱི་བཤད་ཙམ་དང་སྐབས་དོན་དངོས་ནི་གནའ་སྔ་མོ་ནས་བཟུང་། རྒྱ་བོད་མི་རིགས་གཉིས་དབར་གྱི་འབྲེལ་བ་རྒྱུན་སྐྱོང་བའི་ཐད་དར་གོས་ཀྱིས་གོ་བབ་མི་དམན་པ་བཟུང་ཡོད་ཅིང་། ལྷག་པར་དུ་ཐང་རྒྱལ་རབས་སྐབས་སུ་དར་གོས་ཀྱིས་རྒྱ་བོད་མི་རིགས་གཉིས་དབར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བར་ནུས་པ་འགངས་ཆེན་ཐོན་ཡོད།
དེ་ཡང་དར་ལམ་གྱི་རིག་གནས་དང་བོད་རིག་པ་གཉིས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སོ་སོར་ཐང་བོད་དབར་གྱི་དར་གོས་རིག་གནས་འབྲེལ་འདྲིས་སྐོར་ལ་ཞིབ་འཇུག་གནང་མཁན་མང་པོ་འདུག་ལ། ཕུལ་བྱུང་གི་དཔྱད་འབྲས་ཀྱང་མང་པོ་ཞིག་ཐོན་འདུག་པ་ནི། ཆེས་དགའ་བར་འོས་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་གོར་མི་ཆག་ལ། ཁོ་བོས་ཀྱང་མཚམས་འདིར་ཞིབ་འཇུག་གི་འབྲས་བུ་དེ་དག་རྨང་གཞིར་བཟུང་ནས། ཐང་བོད་དབར་གྱི་དར་གོས་རིག་གནས་འབྲེལ་འདྲིས་སྤྱི་དང་ལྷག་དོན་དུ་བོད་ཡིག་བརྡ་རྙིང་ཡིག་ཆ་ཁག་ཏུ་འཁོད་པའི་དར་གོས་རིག་གནས་འབྲེལ་འདྲིས་དང་འབྲེལ་བའི་ལོ་རྒྱུས་རྒྱུ་ཆ་ཁག་བསྟན་པ་ཉུང་ངུར་ཟད་སྣང་བ་གཞིར་བྱས་ནས་དེ་དོན་སྟོན་ཁུལ་ཞུས་ན། མངའ་རིས་ས་ཁུལ་སྒར་རྫོང་མོན་མཚེར་ཤང་མགུར་རུམ་རྒྱང་གི་བང་སོ་ནས་དར་གོས་རྙེད་སོན་བྱུང་བའི་C14ཡི་བརྟག་དཔྱད་བྱས་འབྲས་སུ། བང་སོ་དེ་ད་ལྟའི་བར་ལ་ལོ་ངོ་1715ནས་1855བར་འདས་ཡོད་པ་ཤེས་རྟོགས་བྱུང་ཡོད། དར་གོས་དེ་བཞིན་ས་ཆ་གང་ནས་དགོས་པ་ཅི་ཕྱིར་གནས་དེར་སླེབས་མིན་ཐད་ལ་གསལ་ཆ་ཆེར་མེད་མོད་ཀྱང་། དར་གོས་བྱེ་བྲག་ཅིག་གི་ཐོག་ཏུ་རྒྱ་ཡིག་“王侯”ཞེས་པ་གསལ་པོར་བཀོད་ཡོད་པའི་ཆ་ནས་དར་གོས་དེའི་ཐོག་མའི་འབྱུང་ཁུངས་ནི་རྒྱ་ནག་གམ་རྒྱ་ནག་གི་རིག་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཡུལ་གྲུ་གང་རུང་ཞིག་ནས་བྱུང་བ་སྨོས་མི་དགོས་སྙམ། དེ་ལྟར་བོད་ལྗོངས་སུ་ཆེས་སྔ་མོ་ནས་རྒྱ་ནག་གི་དར་གོས་དར་སྲིད་མོད་ཀྱང་། ད་ལྟའི་གནའ་དཔྱད་སྙན་སེང་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་འབྲས་བུ་ཁག་ལ་གཞིགས་ན། མགུར་རུམ་རྒྱང་གི་བང་སོ་ནས་རྙེད་པའི་དར་གོས་ནི་བོད་ལྗོངས་ཁུལ་ནས་ཐོན་པའི་དར་གོས་སྔ་ཤོས་སུ་ངེས་པ་ཡིན། དེས་ན་མ་མཐར་ཡང་ལོ་ངོ་1715ཡི་གོང་ནས་རྒྱ་བོད་མི་རིགས་གཉིས་དབར་དར་གོས་རིག་གནས་ཐད་ལ་འབྲེལ་འདྲིས་བྱུང་ཡོད་པ་རྟོགས་ནུས་པ་ཡིན། དེ་རྗེས་རྒྱའི་ཡིག་ཚང་རྙིང་མ་རེ་ཟུང་དུ་བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་བོད་ཡུལ་དུ་དར་འབུ་གསོ་ཚགས་གནང་རྩིས་གནང་རུང་ལམ་ལྷོངས་མ་བྱུང་བའི་ཚུལ་དང་། ཐང་གི་རི་མོ་མཁས་ཅན་ཡན་ལི་པེན་གྱིས་བློན་ཆེན་མགར་བ་སྟོང་བཙན་གྱིས་རྒྱ་བཟའ་འུན་ཤིང་ཀོང་ཇོ་བཙན་པོ་སྲོང་བཙན་སྒམ་པོའི་ཁབ་ཏུ་བཞེས་ཆེད་ཐང་གི་གོང་མ་ཐང་ཐའེ་ཙུང་ལ་མཇལ་འཕྲད་གནང་ཚུལ་དང་བཅས་པ་རི་མོར་བཀོད་པའི་ནང་བློན་ཆེན་མགར་བ་སྟོང་བཙན་གྱིས་ལུས་ལ་དར་གོས་མནབས་ཚུལ། ཏུན་ཧོང་གི་ལྡེབས་རིས་སུ་བཙན་པོ་རེ་ཟུང་གི་ཆ་བྱད་བརྐོས་པར་སྐུ་ལུས་ལ་དར་གོས་མནབས་ཚུལ། ཐང་གོང་མས་བོད་ལ་མངགས་པའི་ཕོ་ཉ་སྐོར་ཅིག་གིས་བོད་ཀྱི་བཙན་པོ་ཁག་གཅིག་ལ་ཕྱག་རྟགས་ཀྱི་ཚུལ་དུ་དར་གོས་ཕུལ་ཚུལ། སྤུ་རྒྱལ་བཙན་པོས་མངགས་པའི་ཕོ་ཉ་ཐང་གི་རྒྱལ་ས་ཀེང་ཤིའི་ཕོ་བྲང་དུ་འབྱོར་རྗེས་ཐང་གོང་མས་ཕོ་ཉ་དེ་དག་བརྒྱུད་ནས་སྐབས་དེའི་སྤུ་རྒྱལ་བཙན་པོ་དང་། བཙུན་མོ། བློན་ཆེན་ཁག་ལ་དར་གོས་ཕྱག་རྟགས་སུ་བསྐུར་ཚུལ། ཐང་བོད་གཉིས་ཀྱི་ས་མཚམས་སུ་བཙུགས་པའི་ཚོང་འདུས་ཁག་གཅིག་ཏུ་བོད་ཀྱི་ཕོ་ཉས་ཐང་གི་དར་གོས་དང་བཅས་པ་ཉོ་སྒྲུབ་བྱེད་ཚུལ། སྤུ་རྒྱལ་བཙན་པོས་བོད་སྡེར་བཅས་པའི་ས་ཆ་རེ་ཟུང་དུ་དར་པའི་སྡེ་ཞེས་ཆེད་མངགས་དར་གོས་ཐོན་སྐྱེད་བྱེད་མཁན་གྱི་མི་སྡེ་བཙུགས་ཚུལ། རྒྱ་ནག་ནས་ཡུལ་གྲུ་གཞན་ལ་ཚོང་འགྲེམ་གྱི་སླད་དུ་དབོར་འདྲེན་བྱེད་པའི་དར་གོས་དག་སྤུ་རྒྱལ་བོད་ཀྱི་སྟོང་སྡེས་བཅོམ་ཚུལ་སོགས་གང་ས་ཅི་ཐད་ནས་བསམས་ཚེ། སྤུ་རྒྱལ་བཙན་པོའི་མངའ་འབངས་སྤྱི་དང་ལྷག་པར་དུ་དབང་སྒྱུར་གྲལ་རིམ་གྱི་ནང་དུ་རྒྱ་ནག་གི་ཡུལ་གྲུ་ཁག་ནས་ཐོན་པའི་དར་གོས་ཅི་རིགས་པར་དགའ་མོས་དང་གཙིགས་མཐོང་ཆེན་པོ་བྱེད་བཞིན་པའི་འདུ་ཤེས་ཤིག་སྔར་ནས་གྲུབ་ཚུལ་མངོན་གྱི་འདུག་སྙམ། གོང་གསལ་དེ་དག་ཕུད། སྤུ་རྒྱལ་བཙན་པོའི་ལོ་རྒྱུས་རིག་གནས་དང་འབྲེལ་བའི་བརྡ་རྙིང་ཡིག་ཆ་ཁག་ཏུ་དར་དང་འབྲེལ་བའི་སྐོར་མང་པོ་འཁོད་འདུག་པ་རྣམས་མཚམས་འདིར་འགྲེལ་བརྗོད་དང་བསྡོངས་ནས་ཧྲག་བསྡུས་སྟོན་ཁུལ་ཞུས་ན་ནི། རྒྱ་དར་རིས་ཕྲན་ཞེས་རྒྱ་ནག་ནས་ཐོན་པའི་དར་ཚོན་རི་མོ་ཆུང་ངུས་བརྒྱན་པ་དང་། རྒྱ་དར་བཟང་པོ་སྟེ་རྒྱ་ནག་ནས་ཐོན་པའི་དར་གོས་རྒྱུ་སྤུས་ལེགས་པོ། ཆ་དར་ཏེ་སྔོན་མོ་ཆུ་རིས་སུ་སྣང་བའི་དར། དར་རྗེན་པ་སྟེ་དར་དཀར་པོ། དཔྱ་དར་ཏེ་དཔྱ་རྒྱུར་ཕུལ་བའི་དར། དར་སློག་སྟེ་དར་སྐུད་ལས་བཟོས་པའི་སྟོད་གོས། མེན་ཏྲི་སེར་བོ་དར་ཞེས་དར་གོས་སྲབ་མོ་མདོག་སེར་ལ་ཐིག་རིས་དམར་ལྗང་ཅན། མྱེན་ལིང་སྟེ་དར་གོས་ཀྱི་རྒྱུ་ཆ། ཟ་འོག་དར་ཏེ་གོས་ཆེན་གྱི་རྒྱུ་ཆར་འོས་པའི་དར་ཚོན་སྣ་ལྔ་ཅན། ཁ་ཆེ་དར་ཏེ་སྟག་གཟིག་ཡུལ་ནས་གཙོ་ཆེར་ཐོན་པའི་དར། ཀི་ལམ་སྟེ་གཞི་རྒྱུ་འཇམ་ཞིང་རི་མོ་ཕར་སྣོན་ཚུར་སྣོན་ཅན་གྱི་དར་གོས་སོགས་དར་གོས་ཀྱི་རིགས་མང་པོ་ཞིག་བོད་ཁུལ་དང་བོད་སྡེར་བཅས་པའི་ས་ཆ་ཁག་ཏུ་དར་ཚུལ་མངོན་གྱི་འདུག་ལ། དར་གོས་དེ་རིགས་ནི་ཕྱག་རྟགས་དང་། ཞུ་རྟེན། དཔྱ་རྒྱུ། དམག་འཐབ། ཉོ་ཚོང་ལ་སོགས་པ་བརྒྱུད་ནས་ཐོབ་ཚུལ་ཡང་རགས་རིམ་མངོན་གྱི་འདུག གང་ལྟར་ཡང་ཐང་རྒྱལ་རབས་སྐབས་སུ་དར་གོས་ཀྱིས་རྒྱ་བོད་མི་རིགས་གཉིས་དབར་གྱི་མཛའ་གཅུགས་ཀྱི་འབྲེལ་བ་རྒྱུན་སྐྱོང་སླད་དང་རིག་གནས་མཐུན་སྦྱོར་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཚུལ་ཕྱོགས་དུ་མ་ནས་མངོན་གྱི་འདུག་སྙམ་ལ། སི་ཁྲོན་སློབ་ཆེན་གྱི་བོད་ཀྱི་གནའ་དཔྱད་མཁས་དབང་སྐུ་ཞབས་ཧོ་ཧུད་ལགས་ཀྱིས་མཐོ་སྒང་གི་དར་ལམ་ཞེས་པའི་རིག་གཞུང་གི་ལམ་བུ་ཞིག་གསར་དུ་བཏོད་དང་གཏོད་བཞིན་པ་ལའང་རྒྱུ་མཚན་མི་དམན་པ་འདུག་སྙམ། དེ་མིན་ཕྱིས་བྱུང་བོད་ཀྱི་ལོ་རྒྱུས་རིག་གནས་སུ་དར་གོས་ཀྱིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཞག་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ།།
(རྩོམ་པ་པོ་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་པ་ནས་རེད)