དབུ་ཤོག>གསར་འགྱུར།
  • འབད་འཐབ་ཀྱི་དམིགས་ཚད་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2022-10-29

    “ང་ཚོས་རྒྱང་ལམ་གསར་པར་ཞུགས་ཏེ་འབད་འཐབ་ཀྱི་དམིགས་ཚད་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད” ཟླ་10ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་སྣེ་ཁྲིད་དེ་ཡན་ཨན་གསར་བརྗེའི་དྲན་གསོ་ཁུལ་དུ་གནས་མཇལ་ཞུ་སྐབས། ཁོང་གིས“ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་དང་ཀྲུང་གོ་གསར་པའི་འབྱུང་གནས་རེད། འདི་གར་རང་རེའི་ཏང་གིས་སྣེ་ཁྲིད་འོག་ཀྲུང་གོའི་གསར་བརྗེའི་བྱ་གཞག་དམའ་རླབས་ནས་མཐོ་རླབས་སུ་སླེབས་པ་དང་ལོ་རྒྱུས་རང་བཞིན་གྱི་ཕྱོགས་འགྱུར་མངོན་འགྱུར་ཐུབ་ནས་ཀྲུང་གོའི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་བཏང་ཡོད། ཡན་ཨན་དུས་སྐབས་སུ་གྲུབ་པ་དང་དར་སྤེལ་བཏང་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དང་། སྐྱེད་སྲིང་བྱས་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་ལས་གཏོད་སྙིང་སྟོབས་བཅས་ནང་དོན་གཙོ་བོར་བྱས་པའི་ཡན་ཨན་གྱི་སྙིང་སྟོབས་ནི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་ནས་གཟའ་འཁོར་གཅིག་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་སྣེ་ཁྲིད་དེ་ཆེད་མངཌ་འདི་གར་ཕེབས་དོན་ནི། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། རྒྱུགས་འབུལ་གྱི་ལམ་བུ་གསར་པར་ལོ་རྒྱུས་དང་མི་དམངས་ལ་ཕུལ་བྱུང་གི་རྒྱུཌ་ལན་གསར་པ་ཞིག་སྤྲོད་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་གསལ་སྟོན་གནང་ཆེད་ཡིན། དེའི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཚད་མཐོའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་ཡོད།

    ཏང་གི་སྙིང་སྟོབས་རླབས་པོ་ཆེ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་ང་ཚོ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། ལོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་དང་། ཐོག་མའི་བསམ་འདུན་དོན་གཉེར་དང་འགན་འཁྲི་ཁུར་ལེན། རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད། ཏང་ལ་བློ་དཀར་སེམས་དཀར་དང་དམངས་དོན་པང་དུ་ལེན་པ་བཅས་ཀྱི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་གྲུབ་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་རྩ་ཡིན། ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། ཡུན་རིང་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་གྲུབ་ནས་མངོན་གསལ་དོད་པོའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་ཐུབ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། “ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་དགོས”ཞེས་པ་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་བཞག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས”ཞེས་ནན་བཤད་གནང་དོན་ནི་ཏང་ཡོངས་ལ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་རང་རྟོན་རང་སྟོབས་དང་། སྙིང་སྟོབས་རབ་འཕེལ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་དྲན་སྐུལ་གནང་ཆེད་རེད།

    འབད་འཐབ་ཀྱི་དམིགས་ཚད་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་དགོས། དུས་རབས་གསར་པར་སླེབས་རྗེས། ཏང་དང་རྒྱལ་ཁབ་ལ་འཕྲད་པའི་དུས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་ཛ་དྲག་པ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་བ་ནི། འཛམ་གླིང་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་གཏན་འཁེལ་བྱས་པར་བརྟེན། གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལོ་རྒྱུས་འཕེལ་རིམ་ནང་སླེབས་པར་རྩ་བའི་ཆ་ནས་འགན་ལེན་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་སྲིད་དོན་གྱི་བྱེད་ཕྱོགས་ཆེ་མོ་དང་འཐབ་ཇུས་བཀོད་སྒྲིག་གཏན་འབེབས་བྱས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་དགོས།

    འབད་འཐབ་ཀྱི་དམིགས་ཚད་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་ང་ཚོས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་ཕྱི་མོར་གྱུར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན། ང་ཚོས་མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ཏེ་ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་གཏད་བྱེད་པ། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་ཀྱི་མངགས་བཅོལ་ལེགས་པར་སྒྲུབ་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་བྱེད་དགོས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱ་རྒྱུ་ནི་རང་རེའི་ཏང་དང་རྒྱལ་ཁབ་འཛུགས་པའི་རྨང་གཞི་ཡིན། ང་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་རང་ཉིད་ཀྱི་བྱ་བ་སེམས་ནུས་གཅིག་སྒྲིལ་བྱས་ནས་ཡག་པོ་སྒྲུབ་པ་དང་རྒྱལ་ཁབ་དང་མི་རིགས་གོང་འཕེལ་གཏོང་རྒྱུ་དེ་རང་གི་སྟོབས་ཤུགས་ཀྱི་གཞི་རྩར་འཇོག་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་ནི་ཏང་གི་གསོན་ཤུགས་ནམ་ཡང་ཉམས་མེད་དང་སྐྱེ་སྟོབས་རྒྱས་པའི་འདེགས་སྐྱོར་ཤུགས་ཆེན་ཞིག་ཡིན། ང་ཚོས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བའི་འགན་ལེན་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་གཤིས་རྒྱུད་ཡིན། ང་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བློ་སྟོབས་དང་། ལ་རྒྱ། གདེང་སྦོབས་བཅས་ཆེ་རུ་བཏང་སྟེ་མདུན་སྐྱོད་ཀྱི་ལམ་བུའི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ཐུབ་པ་དང་། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་པ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་བཅས་བྱེད་དགོས།

    “འཆར་གཞི་བཀོད་ཟིན་ལ། དུང་བརྡ་ཡང་བཏང་ཟིན” རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་པས་འགན་འཁྲི་ཧ་ཅང་ཆེན་པོ་དང་ལས་འགན་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོཌ་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་འཛུཌ་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། དྲང་སྲུང་གསར་གཏོད་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་འབད་འཐབ་ཀྱི་དམིཌ་ཚད་གསར་པའི་ཕྱོགས་སུ་བསྐྱོད་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ལྟ་སྟངས་གསར་པ་འཛིན་པའི་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།