དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི“འོད་སྣང་དྲ་བ”ཞིག་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-26

    ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ནུས་རྒྱུ་གསར་པའི་ཆན་ཧྥུའུ་110ཡི་གློག་གཏོང་ལས་གྲྭ་སྐྲུན་ཡུལ་དུ་སྐྱོད་སྐབས། གློག་དྲའི་འཛུགས་སྐྲུན་འཇང་རིགས་ཀྱི་ཕོ་གཞོན་ཡུས་ཞའོ་ཡིས་ལས་མི་ཚང་མའི་སྣེ་ཁྲིད་དེ་གོ་རིམ་ལྡན་པའི་ངང་ལྕགས་སྒྲོམ་འཛུགས་ས་འབྲུ་བ་དང་ཨར་འདམ་གྱིས་ལུགས་རྒྱག་པ་སོགས་བྱེད་བཞིན་ཡོད། ཁོང་ཚོ་ནི་རྒྱ་རིགས་དང་། བོད་རིགས། དབྱིས་རིགས་སོགས་མི་རིགས་མང་པོ་ལས་གྲུབ་པའི་ཨར་ལས་རུ་ཁག་ཅིག་རེད།

    དུས་ཡུན་རིང་པོའི་ནང་བོད་ལྗོངས་གློག་དྲའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མི་རབས་དུ་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཧུར་ཐག་བྱས་པ་བརྒྱུད་བོད་ཀྱི་གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ཆེར་འགྲོ་བར་སྐུལ་མ་བཏང་ནས“འཛམ་གླིང་ཡང་རྩེར”མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི“བདེ་སྐྱིད་དྲ་བ”དང“འོད་སྣང་དྲ་བ”ཞིག་བསྐྲུན་ཡོད།

    བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་ཆེད་མངགས་གློག་མཁོ་འདོན་བྱེད་པའི་གློག་ཁང་ཆུང་ཆུང་གཅིག་ལས་མེད་པ་དང་གློག་ཤུགས་བཟོ་ལས་ཧ་ལམ་མེད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ས་མཐོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་གློག་ཤུགས་བྱ་གཞག་ཀྱང་རིམ་བཞིན་འཕེལ་རྒྱས་བྱུང་ཡོད།

    བོད་ཀྱི་མི་དམངས་ལ་གློག་མེད་པའི་དཀའ་ངལ་སེལ་རོགས་བྱ་ཆེད། 1958ལོར་དམག་དཔོན་ཐན་ཀོན་སན་གྱིས་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་དང་འཐབ་འཛིང་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་16གི་བཟོ་སྐྲུན་ལག་རྩལ་པ། བཟོ་པ་དང་ཞིང་པ་བཅས་ཀྱི་སྣེ་ཁྲིད་དེ“སྐྱིད་ཆུའི་ངོགས་ཀྱི་མཚན་མོའི་མུ་ཏིག”ཅེས་འབོད་པའི་རྔ་ཆེན་གློག་ཁང་བསྐྲུན་ཞིང་། དེ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་གཞི་རྒྱུ་དེ་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་ཁྲག་རྒྱུན་དམ་པོར་འདྲེས།

    དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པ་ནས་བཟུང་། ཡངས་པ་ཅན་གྱི་ས་འོག་ཚ་ནུས་གློག་ཁང་དང་། ཡར་འབྲོག་གཡུ་མཚོའི་ཆུ་འཐེན་ནུས་གསོག་གློག་ཁང་། གསེར་ཆུ་ཆུ་ཤུགས་གློག་ཁང་སོགས་ལོ་རྒྱུས་ཀྱི་མཚོན་བྱེད་ལྡན་པའི་གློག་ཁང་ཁག་གཅིག་བསྐྲུན་པས། དུས་རབས་འདིའི་དུས་འགོར་སླེབས་སྐབས་བོད་དབུས་དང་། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་ཀྱི་གློག་དྲ་ལས་གྲུབ་པའི“ཆེ་བ་གཅིག་དང་ཆུང་བ་གསུམ”གྱི་ས་ཁོངས་4ཡི་གློག་དྲ་རིམ་བཞིན་ཆགས་པ་དང་། དེ་ནས་དུས་རབས་གསར་པར་སླེབས་ཚུན།“གློག་ཤུགས་མཁའ་ལམ”བཞི་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་བོད་འདི་ཉིད་གཅིག་གྱུར་གློག་དྲའི་དུས་རབས་གསར་པར་སླེབས།

    བོད་རིགས་ཀྱི་གློག་ཤུགས་ཆེད་ལས་ལག་རྩལ་པ་མི་རབས་དང་པོ་དོན་གྲུབ་ཕུན་ཚོགས་དང་། “གློག་ཤུགས་མཁའ་ལམ”འཛུགས་སྐྲུན་བྱ་བར“བྱས་རྗེས་འཇོག་མཁན”གྱི་མཚན་སྙན་ཐོབ་པའི་ཀྲང་མིང་ཤུན། ལས་གྲྭ་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་དངོས་ཟོག་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བཞིན་པའི་དབྱིས་རིགས་གཅེན་གཅུང་སོགས་ཐོན་ཏེ་གློག་ཤུགས་འཛུགས་སྐྲུན་བ་རྣམས་ཕན་ཚུན་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་གྲང་ངར་ལ་མི་འཛེམ་པར་གངས་ཁྲོད་བསྐྱོད་པ་དང་གསོ་རླུང་མི་འདང་བ་ཁྱད་དུ་བསད་ནས་གློག་ཤུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོ་མཚར་དུ་མ་བཏོད་ཡོད།

    ད་ཆ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནི་མི་རིགས་26དང་ལས་བྱེད་ལས་བཟོ་8000ལྷག་ཙམ་ལས་གྲུབ་པའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོ་ཞིག་ཡིན། ཁོང་ཚོས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཏེ་གློག་རྒྱུན་ཆད་མེད་པར་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཀྲ་བ་བཞད་པར་བྱས་ཡོད།

    དེ་ཙམ་གྱིས་མ་ཚད་བོད་ཀྱི་གློག་ཤུགས་བྱ་གཞག་དེ་ཆུང་ངུ་ནས་སྟོབས་ཆེར་སོང་བའི་བར་རྒྱལ་ཁབ་གློག་དྲ་ཀུང་སིས་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་དྲ་བ་གཅིག་པའི་ཞིང་ཆེན་ཀུང་སིས་སེམས་ཁུར་དང་རོགས་རམ་བྱས་པ་དང་ཁ་འབྲལ་ཐབས་མེད།

    1955ལོར་བོད་ཀྱི་གློག་ཤུགས་བྱ་གཞག་གི་བོད་སྐྱོར་ཁག་དང་པོའི་ལས་བྱེད་པ་ཧྥུའུ་ཏེ་ཧྲུའུ་སོགས་རང་མོས་ངང་བོད་ཀྱི་གློག་ཤུགས་འཛུགས་སྐྲུན་ནང་ཞུགས་རྗེས། གློག་ཤུགས་བོད་སྐྱོར་ལས་བྱེད་པ་སྔ་རྗེས་སུ་ཡོང་བ་དང་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར། ལྷག་པར་དུ་1980ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཀྲུང་དབྱང་གི་རོགས་སྐྱོར་དང་དམིགས་བསལ་སྲིད་ཇུས་གཏན་འཁེལ་གནང་རྗེས་མི་རབས་ནས་མི་རབས་བར་རྒྱུན་མཐུད་པའི་རྒྱལ་ཡོངས་ས་གནས་ཁག་དང་མི་རིགས་ཁག་གི་བོད་སྐྱོར་ལས་བྱེད་པས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་དང་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་གློག་སྒྲོན་སྤར་ནས་བོད་ཀྱི་གློག་ཤུགས་བྱ་གཞག་གོང་འཕེལ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འབད་འབུངས་ཀྱི་ལམ་བུར་འོད་སྣང་སྦྱིན། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་ཀུང་སིས་དོ་དམ་ལག་རྩལ་རྐང་འཛིན་པ་སྣ་ཚོགས་1800ལྷག་ཙམ་སྔ་རྗེས་སུ་བོད་དུ་རོགས་སྐྱོར་ལ་བཏང་ཞིང་། རིམ་རྩིས་བྱས་ན། བོད་ཀྱི་གློག་ཤུགས་དང“ཤར་ནུབ་རོགས་སྐྱོར”ལ་མ་དངུལ་སྒོར་དུང་ཕྱུར་189བཀོད་སྒྲིག་བྱས་ནས་བོད་ཀྱི་གློག་ཤུགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་གློག་ཤུགས་བྱ་གཞག་དེ་ལོ་རྒྱུས་ཐོག་འཕེལ་རྒྱས་མགྱོགས་ཤོས་དང་། གཏོང་ཆ་གཏོང་ཤུགས་ཆེ་ཤོས། ཕན་འབྲས་མངོན་གསལ་དོད་ཤོས་བཅས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས། 2021ལོའི་ལོ་མཇུག་བར་བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང(ཆུས)དང་དེ་བཞིན་ཤང་དང་གྲོང་རྡལ་གཙོ་བོ་74དང་གློག་སྤྱོད་མཁན་མི་ཁྲི་345བཅས་ལ་ཁྱབ་ནས་བོད་དུ་གློག་དང་ལམ་ཤར་གཏོང་དང་། ཕྱུག་པོར་གྱུར་པ། དམངས་སེམས་མཐུན་པ་བཅས་མངོན་འགྱུར་བྱུང་ཡོད།

    “གློག་ཤུགས་མཁའ་ལམ”གྱིས་གངས་ལྗོངས་ས་མཐོར་བཀྲག་མདངས་འཚེར་བ་དང་སྦྲགས“ནུབ་གློག་ཤར་སྐྱེལ”ལ་བརྟེན་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ནང་དུའང་ཞུགས་ཡོད། 2015ལོར་བོད་ནས་གློག་ཕྱིར་གཏོང་ཐོག་མར་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན། མིག་སྔར་བོད་ནས་གློག་ཤུགས་ནུས་རྒྱུ་གཙང་མ་ཕྱིར་གཏོང་ཚད་ཏུའུ་དུང་ཕྱུར་100ལྷག་ཙམ་ཟིན་ཞིང་། ལོ་འདི་དག་ནང“བོད་གློག་ཕྱིར་གཏོང”གིས་བོད་ཀྱི་ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེན་པོས་བསྡུ་ཉར་གཙང་སེལ་དང་བསྡུ་ཉར་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་པ་མ་ཟད། བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མ་འབྲེལ་མཐུད་རྟེན་གཞི་གང་མགྱོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།